གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མདའ་རྩེདཔ་ཚུ་གིས་ སྨན་རྫས་མ་འདྲཝ་ཚུ་ ལག་ལེན་འཐབ་དོ་ཡོདཔ།

མདའ་རྩེད་འགྲན་བསྡུར་སྐབས་ལུ་ མདའ་རྩེདཔ་ཚུ་གིས་ སྨན་རྫས་མ་འདྲཝ་ཚུ་ བཟའ་མ་ཆོག་པའི་ ཁྲིམས་ལུགས་ཅིག་མེད་རུང་ ད་ལྟོ་ལས་ར་ ཐབས་ལམ་ཚུ་ བཏོན་དགོཔ་འདུག་ཟེར་ ལྟ་རྟོག་པ་ཚུ་གིས་ སླབ་ཨིན་པས།

མདའ་རྩེད་སྐབས་ལུ་ སྨན་རྫས་ཚུ་ ལག་ལེན་འཐབ་ཆོགཔ་ཨིན་ན?
༉ རང་ལུགས་ཀྱི་ མདའ་རྩེད་སྐབས་ལུ་ ཆང་འཐུང་ནི་དེ་ ལམ་སྲོལ་བཟུམ་ཅིག་སྦེ་ བརྩི་དོ་ཡོདཔ་ཨིན་རུང་ ད་རེས་ནངས་པ་ རང་གི་ལྕོགས་གྲུབ་དང་ མིང་གཏམ་འཐོན་ནིའི་དོན་ལུ་ མདའ་རྩེདཔ་ལ་ལུ་ཅིག་གིས་ སྨན་རྫས་མ་འདྲཝ་ཚུ་ ལག་ལེན་འཐབ་དོ་ཡོདཔ་ཨིན་པས།


མི་ཚུ་གིས་ སླབ་དོ་བཟུབ་འབད་བ་ཅིན་ མདའ་རྩེདཔ་ལ་ལུ་ཅིག་གིས་ ཁྲག་ཤུགས་ཀྱི་དོན་ལུ་ལག་ལེན་འཐབ་མི་ སྨན་རྫས་པོ་རོ་པེ་ནོ་དང་ ཨེན་ཊེ་ནོ་ལཱོལ་ དེ་ལས་ ལོག་སར་ཊཱན་ཚུ་ མདའ་རྩེད་འབད་ནི་ འགོ་མ་བཙུགས་པའི་ཧེ་མར་ བཟའཝ་མས་ཟེར་ཨིན་པས།
ལོ་རྒྱུས་དང་འཁྲིལཝ་ད་ སྨན་རྫས་དེ་ཚུ་གིས་ དོན་ཧིང་གི་འཕར་ཚད་གྱངས་ཁ་ མར་ཕབ་འབད་ཚུགསཔ་མ་ཚད་ ལགཔ་གསིག་ནི་ཚུ་ལས་ བཀག་ཚུགས་མི་ལུ་བརྟེན་ ལྕོགས་གྲུབ་གོང་འཕེལ་གཏང་ཐབས་ལུ་ ལག་ལེན་འཐབ་མས་ཟེར་ཨིན་པས།
སྨན་རྫས་པོ་རོ་པེ་ནོ་ལཱོལ་ཚུ་ དབང་འཛིན་གྱིས་ ཐོ་བཀོད་མ་འབད་བར་ཡོད་མི་ལུ་བརྟེན་ ད་ལྟོ་ སྨན་ཚོང་ཁང་ཚུ་ནང་ལས་ འཐོབ་མ་ཚུགསཔ་ལས་ དེ་གི་ཚབ་ལུ་ ཨེན་ཊེ་ནོ་ལཱོལ་དང་ ལོག་སར་ཊཱན་ཟེར་མི་ཚུ་ ལག་ལེན་འཐབ་དོ་ཡོདཔ་ཨིན་པས།
སྨན་བཙོང་མི་ཚུ་གིས་འབད་བ་ཅིན་ སྨན་རིགས་ཚུ་ཉོ་བར་འོངམ་ད་ ཌོག་ཊར་གྱིས་ བྱིན་ཆོག་པའི་ གནང་བའི་ཡིག་ཆ་གུ་མིང་རྟགས་བཀོད་དེ་མེད་པ་ཅིན་ ག་ཐོབ་སྦེ་ བཙོང་ནི་མེད་ཟེར་སླབ་ཨིན་རུང་ ལ་ལུ་ཅིག་གིས་བཤད་མི་དང་འཁྲིལ་བ་ཅིན་ སྨན་ཚོང་ཁང་ཚུ་ནང་ལས་ འཇམ་ཏོང་ཏོ་སྦེ་ ཐོབ་ཚུགས་པས་ཟེར་ཨིན་པས།
གསོ་བའི་ལས་བྱེདཔ་གིས་ སླབ་དོ་བཟུམ་འབད་བ་ཅིན་ སྨན་རྫས་ཚུ་ བཟའ་བའི་བསྒང་ལས་ ཁྲག་རྩ་ཚུ་ སྦོམ་ཐལ་དོ་ཡོད་པའི་ཁར་ དོན་ཧིང་གི་འཕར་ཚད་ མར་ཕབ་བཏངམ་ཨིན་ཟེར་ཨིན་པས།
ཁོང་གིས་འབད་བ་ཅིན་ སྤྱིར་བཏང་སྨན་དེ་ ཉུང་སུ་ཅིག་སྦེ་བཟའ་བ་ཅིན་ གནོད་པ་ཉུང་སུ་ཅིག་ལས་ མི་འབྱུང་ནི་ཨིན་རུང་ དེ་ལུ་ཤུགས་ཐལ་བ་ཅིན་ མདའ་རྩེདཔ་ཚུ་གིས་ སྨན་དེ་མེད་པར་ རྩེད་འགྲན་ འབད་མ་ཚུགསཔ་འགྱོ་ནིའི་ ཉེན་ཁ་ཡོད་ཟེར་ཨིན་པས།
ལྟ་རྟོག་པ་ཚུ་གིས་འབད་བ་ཅིན་ ད་ལྟོའི་གནས་སྟངས་ནང་ སྨན་ལག་ལེན་འཐབ་མི་ཚུ་གིས་ མ་འོངས་ཡུན་རིང་ལུ་ སྨན་གཞན་ཚུ་ཡང་ ལག་ལེན་འཐབ་སྲིད་ནི་ཨིནམ་ལས་ གནས་སྟངས་འདི་ བློ་གཏད་ཚུགསཔ་ཅིག་ མིན་འདུག་ཟེར་ཨིན་པས།
རྒྱལ་སྤྱིའི་གནས་ཚད་ཀྱི་ འགྲན་བསྡུར་ཚུ་ནང་ཡང་ ལུས་རྩལཔ་ཚུ་གིས་ སྨན་རྫས་ལག་ལེན་འཐབ་ནི་དེ་ ཁྲིམས་འགལ་ཅིག་ཨིནམ་མ་ཚད་ སྨྱོ་རྫས་ཀྱི་གྲངས་སུ་ཚུདཔ་ལས་ ང་བཅས་རའི་རྒྱལ་ཁབ་ནང་ ཁྲིམས་ལུགས་ཚུ་མེད་དེ་འབད་རུང་ ད་ལྟོ་ལས་ར་ ཐབས་ལམ་ཚུ་ བཏོན་དགོཔ་འདུག་ཟེར་ ལྟ་རྟོག་པ་ཚུ་གིས་སླབ་ཨིན་པས།
རང་ལུགས་རྩེད་རིགས་ཚོགས་སྡེ་ལས་ ཚེ་དབང་རྣམ་རྒྱལ་གྱིས་འབད་བ་ཅིན་ ད་ལྟོ་ཚུན་ལུ་ མདའ་རྩེདཔ་ཚུ་གིས་ དེ་བཟུམ་མའི་ སྨན་ཚུ་ ལག་ལེན་འཐབ་མིའི་སྐོར་ལས་ མ་ཤེས་རུང་ གལ་སྲིད་ དེ་བཟུམ་མའི་ ལཱ་བྱ་ཚུ་འབད་ས་མཐོང་པ་ཅིན་ སྨྱོ་རྫས་ཀྱི་གྲངས་སུ་ ཚུད་འོང་ཟེར་སླབ་ཅི།
མདའ་རྩེདཔ་ཚུ་གིས་ སྨན་རིགས་ཚུ་ ལག་ལེན་འཐབ་ས་མཐོང་རུང་ རྒྱལ་ཁབ་ནང་ ཁྲིམས་ལུགས་ཚུ་མེདཔ་ལས་ འདི་གི་གདོང་ལེན་དེ་ འགྲན་བསྡུར་ནང་ བཅའ་མར་གཏོགས་ནི་ལས་ བཀག་ནི་མ་གཏོགས་ གཞན་འབད་ཐབས་མེད་ཟེར་ཨིན་པས།
ཀུན་གསལ་གྱིས་ མདའ་རྩེདཔ་མང་ཤོས་ཅིག་དང་གཅིག་ཁར་འབྲེལ་བ་འཐབ་ད་ སྨན་རྫས་དེ་ ལག་ལེན་འཐབ་ནི་མེདཔ་སྦེ་ སླབ་ཨིན་རུང་ མདའ་རྩེདཔ་ལ་ལུ་ཅིག་གིས་ ལག་ལེན་འཐབ་དོ་ཡོད་པའི་སྐོར་ལས་ གོ་རྟོགས་བྱུང་ཡོདཔ་སྦེ་ སླབ་མི་ཡང་ཐོན་ཡི།
མིང་སླབ་མ་བཏུབ་མི་ མདའ་རྩེདཔ་ རྒན་ཤོས་ཅིག་གིས་འབད་བ་ཅིན་ ཁོ་གིས་ མདའ་རྩེདཔ་དག་པ་ཅིག་གིས་ སྨན་རྫས་དེ་ བཟའ་སར་མཐོང་ཡི་ཟེར་ཨིནམ་ད་ དེ་ཡང་ ཆང་མ་འཐུང་མི་ཚུ་གིས་ གཙོ་བོར་བཏོནམ་མས་ཟེར་ཨིན་པས།
མདའ་རྩེདཔ་གཞན་མི་ཅིག་གིས་འབད་བ་ཅིན་ གལ་སྲིད་ མདའ་རྩེདཔ་ཚུ་གིས་ སྨན་དེ་ ལག་ལེན་འཐབ་སྟེ་འབད་རུང་ ཁོ་ར་ མདའ་རྩེད་འབད་ནི་ལུ་ རིག་རྩལ་འདི་ར་མེད་པ་ཅིན་ སྨན་དེ་གིས་ ཕན་མི་ཐོགསཔ་འོང་ཟེར་ཨིན་པས།
རྒྱལ་ཁབ་གཞན་ཚུ་ནང་འབད་བ་ཅིན་ འགྲན་བསྡུར་གྱི་སྐབས་ ཆང་འཐུང་མ་ཆོགཔ་སྦེ་ བཟོ་སྟེ་ཡོད་རུང་ འབྲུག་གི་ཐད་ལུ་ལྷོདཔ་ད་ མདའ་རྩེད་ཀྱི་སྐབས་ ཆང་འཐུང་ནི་དེ་ ལམ་སྲོལ་ཅིག་འབད་ནི་དེ་གིས་ བཀག་ཆ་མ་འབད་རུང་ རེ་ཚེ་སྐབས་ མདའ་རྩེདཔ་ཚུ་གིས་ ཆང་ལུ་ཤུགས་ཐལ་སྟེ་ རྩེད་འགྲན་འབད་མ་ཚུགས་པ་ ཚབ་བཙུགས་དགོཔ་ཡང་བྱུངམ་མས་ཟེར་ ཚེ་དབང་རྣམ་རྒྱལ་གྱིས་ སླབ་ཡོད་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment