གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ལོ་༨ དེ་ཅིག་ལུས་མི་ རྩོད་བཤེར་ མཇུག་བསྡུ་ཡོདཔ།

༡༤/༠༦/༢༠༡༢   ༉ དབང་འདུས་རྫོང་ཁག་ དམར་རྟ་ལུང་ཅུང་གཡུས་ཚན་དང་ སྤུ་ན་ཁ་ ཨོམ་སྟེང་ཁ་གཡུས་ཚན་༢ ཀྱི་བར་ན་ ཞིང་ཆུའི་སྐོར་ལས་ ལོ་༨ དེ་ཅིག་རིང་ རྩོད་གཞི་ཕྱེ་མི་དེ་ སྤྱི་ཟླ་༦ པའི་ཚེས་༡༠ ལུ་ ཆུ་བགོ་བཅའ་ཁྲིམས་དང་འཁྲིལ་ རྩོད་གཞི་མཇུག་བསྡུ་ཡི།


ཞིང་ཆུ་དེ་ མངོན་མཐོ་ཁྲིམས་ཀྱི་འདུན་ས་ལས་ གྲོས་ཆད་བཏོན་གནང་མི་དང་འཁྲིལ་ ཨོམ་སྟེང་ཁ་གཡུས་ཚན་ནང་ དཔྱ་༢ དང་ དམར་རྟ་ལུང་ཅུང་ལུ་ དཔྱ་༡ སྦེ་ བགོ་ཡོདཔ་ད་ ཞིང་ཆུ་དེ་ རྐ་ལས་ཐོན་ཏེ་ གཡུས་ཚན་༢ ཀྱི་ལྟག་ལུ་ ས་གནས་ན་སྦིས་ས་ཟེར་སར་ རྫིང་ཅིག་བཟོ་མིའི་ནང་ལས་ བགོ་བཤའ་རྐྱབ་ཡོདཔ་ཨིན་པས།
མངོན་མཐོ་ཁྲིམས་ཀྱི་འདུན་ས་ལས་ གྲོས་ཆོད་དེ་ སྤྱི་ལོ་༢༠༡༡ ལུ་ བཏོན་གནང་བའི་སྐབས་ ལྕང་ལཱ་མཇུག་བསྡུ་ནི་དེ་གིས་ དུས་ཅི་ བགོ་བཤའ་རྐྱབ་ཅི་ཟེར་ དབང་འདུས་རྫོང་ཁག་ཚོགས་འདུའི་ཁྲི་འཛིན་ ཕུརཔ་རྣམ་རྒྱལ་གྱིས་ སླབ་ཡོདཔ་ད་ ཁོ་ར་ རྫོང་ཁག་བདག་སྐྱོང་གི་ཚབ་སྦེ་ འགྱོ་ཡོདཔ་ད་ སྤུ་ན་ཁག་ལས་འབད་བ་ཅིན་ གླིང་མུ་རྒཔོ་གིས་གཙོས་པའི་ མི་སེར་སོ་ནམ་པ་ཚུ་ འོང་ཡོདཔ་ཨིན་པས།
དེ་མ་ཚད་ གྲོས་ཆོད་དང་འཁྲིལ་བ་ཅིན་ ཨོམ་སྟེང་ཁའི་གཡུར་བ་དེ་ གཞུང་གིས་ རྩི་ས་གནང་ཐོག་ལས་ ཉམས་བཅོས་འབད་དགོ་ཟེར་མི་དེ་གིས་ དམར་རྟ་ལུང་ཅུང་གི་མི་ཚུ་ དུམ་གྲ་ཅིག་ ཚ་གྱང་ལང་སྟེ་ཡོདཔ་ད་ དེ་ཡང་ གཡུར་བ་དེ་ རྩི་ས་བཏང་པ་ཅིན་ དེའི་འོག་ལུ་ཡོད་པའི་ དམར་རྟ་ལུང་ཅུང་གཡུས་ཚན་ནང་ ཨ་རྟག་ག་ཨིནམ་སྦེ་ ཆུ་མི་འོང་ནིའི་ ཉེན་ཁ་ཡོདཔ་ཨིན་པས།
དེ་ཡང་ གཡུས་ཚན་དེའི་ མི་ཚུ་གིས་ དང་ཕུ་ལས་ གཡུར་བ་ལས་བབས་པའི་ཆུ་ལུ་བརྟེན་ ལྕང་ལཱ་རྐྱབ་དོ་ཡོདཔ་ཨིན་རུང་ སྤྱི་ལོ་༢༠༠༤ དེ་ཅིག་ལུ་ རྩོད་གཞི་བྱུང་བའི་རྒྱུ་རྐྱེན་ངོ་མ་ར་ ཨོམ་སྟེང་ཁ་གི་མི་ཚུ་གིས་ གཡུར་བ་དེ་ ཁ་ཡར་ལྟ་སྟེ་ སེང་མི་ལུ་བརྟེན་ འོག་ལུ་སྡོད་མི་ཚུ་ ཆུ་མ་ལང་ནི་དེ་གིས་ རྩོད་གཞི་འགོ་བཙུག་དགོཔ་ཐོན་ནུག།
དམར་རྟ་ལུང་ཅུང་ལས་ ཚོགས་པ་བགྲེསཔ་ ཉིམ་རྡོ་རྗེ་གིས་འབད་བ་ཅིན་ ཞིང་ལམ་དེ་ ཁ་ཡར་ལྟ་སེང་བའི་ཤུལ་ལས་ ཁོང་གི་གཡུས་ཚན་ནང་བཏོན་མི་ གཡུར་བ་ནང་ ཆུ་ཐོན་མ་བཏུབ་ལས་ ཆུ་མ་ལང་པའི་ དཀའ་ངལ་ཐོན་ཡི་ཟེར་ཨིནམ་ད་ ཨིན་རུང་ ཨོམ་སྟེང་ཁ་གི་ཚོགས་པ་ ཀུན་ལེགས་རྡོ་རྗེ་གིས་ སླབ་མིའི་ནང་ ཞིང་ལམ་དེ་ ཆརཔ་གིས་ མེདཔ་བཏང་ནི་དེ་གིས་ ཁ་ཡར་ལྟ་སྤོ་དགོཔ་ཐོན་ཡི་ཟེར་ཨིན་པས།
སོ་ནམ་འགོ་དཔོན་ཅིག་གིས་ སླབ་མིའི་ནང་ རྩོད་གཞི་དེའི་སྐོར་ལས་ ཞལ་འཛོམས་ཚར་༩ དེ་ཅིག་ འཚོགས་ཡོད་རུང་ གྲོས་ཐག་བཅད་མ་ཚུགས་ཟེར་ཨིནམ་ད་ འཐབ་འཛིང་དེ་ ཆར་ཆུ་དཀོན་པའི་དུས་ཚོད་ལུ་ ལང་ནི་ཡོད་ཟེར་ཨིན་པས།
ས་གནས་དེ་ཁའི་ མི་ཅིག་གིས་ སླབ་མིའི་ནང་ གལ་སྲིད་ རྩོད་གཞི་དེ་ མཇུག་མ་བསྡུ་བ་ཅིན་ ལ་ལུ་ཅིག་གི་ སྲོག་ཡང་བྱང་འོང་ཟེར་ཨིནམ་ད་ གཡུས་ཚན་༢ ཀྱི་མི་ཚུ་ ཆུའི་རྐ་ལུ་འཛོམས་པའི་སྐབས་ ལ་ལུ་གིས་ དཔའ་རྟགས་ཡང་ བཏོན་ནི་འདུག་ཟེར་ཨིན་པས།
མ་གཞི་ ས་ཞིང་ལས་བཅད་པ་ཅིན་ དམར་རྟ་ལུང་ཅུང་གཡུས་ཚན་ནང་ ཆུ་ཞིང་ཨེ་ཀར་༣༡༥ དེ་ཅིག་ཡོད་རུང་ ཆུ་དཔྱ་༡ ལས་བརྒལ་མི་ཐོབ་པའི་ཁར་ ཨོམ་སྟེང་ཁ་ལུ་ ཨེ་ཀར་༡༠༠ ལྷགཔ་ཅིག་ལས་བརྒལ་མེད་རུང་ ཆུ་དཔྱ་༢ ཐོབ་མི་དེ་ ན་སྦིས་ཁའི་ཞིང་ཆུ་ མེད་པ་ཅིན་ དམར་རྟ་ལུང་ཅུང་བཟུམ་ གཡུས་ཚན་དེ་ལུ་ ཆུ་རྐ་སོ་སོར་སྦེ་ མེདཔ་ཨིན་པའི་གནས་ཚུལ།

བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment