གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཀརྨ་ཆོས་གླིང་ལྷ་ཁང་ལུ་ གསེར་ཏོག་ཕུལ་ཡོདཔ།

༢༣/༠༦/༢༠༡༢   ༉ དུས་རབས་༡༤ པའི་ནང་ རྒྱལ་དབང་ཀརྨ་པ་སྐུ་ཕྲེང་༣ པ་དཔལ་རང་བྱུང་རྡོ་རྗེ་མཆོག་གིས་ ལུང་བསྟན་དང་འཁྲིལ་ མོང་སྒར་རྫོང་ཁག་ ཆ་གླིང་གཡུས་ཚན་གྱི་མགུ་ལུ་ ཡ་མཚན་ཆེ་ཏོག་ཏོ་སྦེ་མཇལ་ཚུགས་མི་ ཀརྨ་ཆོས་གླིང་ལྷ་ཁང་དེ་ ཆ་གླིང་གཡུས་ཚན་གྱི་མི་སེར་ཚུ་གིས་ སྐྱབས་འཚོལ་སའི་ལྷ་ཁང་རྩ་ཅན་ཅིག་ཨིནམ་བཞིན་དུ་ གཡུས་ཚན་གྱི་ ཞི་གཡོགཔ་དང་ ཚོང་པ་ མི་སེར་ དེ་ལས་ དད་ཅན་ཕོ་མོ་ཚུ་གིས་འབད་ ཁ་ཙ་ གསེར་ཏོག་བཀལ་ཡོདཔ་ཨིན་པས།


ཀརྨ་ཆོས་གླིང་ལྷ་ཁང་དེ་ སྤྱི་ལོ་༡༩༩༩ ལུ་ ཆ་གླིང་ལས་ དགེ་བཤེས་སྐལ་བཟང་མཆོག་གིས་ དགེ་སློང་ཞལ་གྲངས་༣༥ ལྷགཔ་ཅིག་བཙུགས་ཐོག་ལས་ བཤད་གྲྭ་གཞི་བཙུགས་འབད་དེ་ དགེ་བཤེས་ཁོ་ར་ དགོངས་པ་རྫོགས་པའི་སྐབས་ མ་འོངས་པ་ལུ་ བརྒྱུད་འཛིན་མེད་པར་ལུས་ནིའི་ ཐུགས་བཞེས་གནང་སྟེ་ གྲྭ་ཚང་དེ་ སྒང་སྟེང་སྤྲུལ་སྐུ་མཆོག་ལུ་ ཕུལ་ཡོདཔ་ད་ གཡུས་ཁའི་མི་སེར་ཚུ་གིས་འབད་རུང་ གཡུས་ཚན་གྱི་ལྟག་ལུ་ བྱིན་ཅན་གྱི་ ཆོས་སྡེ་བཙུགས་གནང་ཡོདཔ་མ་ཚད་ ལྷ་ཁང་དེ་ཧེང་སྐལ་ར་ གཟི་བརྗིད་ཆེ་ཏོག་ཏེ་སྦེ་བཟོ་གནང་མི་ལུ་ བསམ་པ་རྫོགས་ཅི་ཟེར་ སྐྱེས་ལོ་༦༠ རེ་གྲངས་ལང་མི་ བསོད་ནམས་ཀྱིས་ ཀུན་གསལ་ལུ་སླབ་ཨིན་པས།
ད་རེས་ནངས་པར་ ཐོག་ཚད་༢ འབད་མི་ཀརྨ་ཆོས་གླིང་བཤད་གྲྭ་ ལྷ་ཁང་གི་མཐའ་སྐོར་ཏེ་ དགེ་སློང་ཚུ་བཞུགས་སའི་ གྲྭ་ཤག་༣ དང་ དབུ་འཛིན་གྱི་བཞུགས་གནས་ དེ་ལས་ མགྱོན་ཁྱིམ་དང་ ཐབ་ཚང་ཚུ་ཡོདཔ་མ་ཚད་ དེ་ནང་ དབུ་འཛིན་རྩིས་ཏེ་ དགེ་སློང་ཞལ་གྲངས་༣༠ ལྷགཔ་ཅིག་ཡོདཔ་ཨིན་པས།
རྒྱལ་རབས་ཚུ་དང་འཁྲིལ་བ་ཅིན་ ཀརྨ་ཆོས་གླིང་ལྷ་ཁང་དེ་ ཆ་གླིང་བདེ་ཆེན་ཆོས་གླིང་ལྷ་ཁང་གི་ ཉེ་འདབས་ལུ་ ཀརྨ་པ་སྐུ་ཕྲེང་༣ པ་གིས་ སྒྲུབ་ཆུ་ཡོད་ས་ལུ་ ཀརྨ་པ་ཁོ་ར་བྱོན་ཏེ་ ཆ་གླིང་གཡུས་ཀྱི་ལྟག་ལུ་ ནགས་ཚལ་སྟུག་དྲག་ག་ནི་བ་ ཡ་མཚན་ཆེ་ཏོག་ཏོ་ཡོདཔ་སྦེ་གཟིགསཔ་ལས་ ཁོ་རའི་སློབ་མ་ ངང་ཞིང་བླམ་ལུ་ རི་ཁྲོད་དེ་ཁར་ ལྷ་ཁང་ཅིག་བཞེངས་གནང་ནིའི་དོན་ལུ་ བལྟ་ཞིབ་འབད་བར་སོང་ཟེར་གསུངས་ཡོདཔ་ཨིན་པས།
སློབ་མ་གིས་ཡང་ རྩ་བའི་བླམ་གི་ལུང་བསྟན་གནང་མི་དང་འཁྲིལ་ ཉིན་ཞག་༣ འགོར་བའི་ཤུལ་ལུ་ རྩ་བའི་བླམ་ལུ་ རི་ཁྲོད་དེ་ ཐང་བདེ་བ་ ཉམས་དགའ་བ་ དེའི་ཉེ་འདབས་ལུ་ གནས་བདག་འདོད་ཡོན་བཟང་པོའི་ཕོ་བྲང་ སྒྲུབ་ཆུ་དང་བཅསཔ་སྦེ་ ག་ནི་བ་ཡ་མཚན་ཆེ་ཏོག་ཏོ་ཡོད་ལུགས་ཀྱི་སྐོར་ལས་ཞུ་ཡོདཔ་ཨིན་པས།
ཀརྨ་པ་མཆོག་གིས་ ལུང་བསྟན་དེ་ཁྱོད་ལུ་འབབས་ནུག་ཟེར་གསུངསམ་ལས་ འགྲོ་བ་སེམས་ཅན་ཚུ་གི་དོན་ལུ་ ནགས་ཚལ་དེ་ནང་ གདན་ས་བཏབ་སྟེ་ སྒྲུབ་ཁང་ཆུང་ཀུ་ཅིག་ སྤྱིར་གསོན་གཤིན་གྱི་དགེ་རྩ་སྒྲུབ་ས་དང་ ལྷག་པར་དུ་འགྲོ་བ་ཡོངས་ཀྱི་ འགྲོ་དོན་བསམ་གྱིས་མི་ཁྱབ་འབྱུང་ནིའི་དོན་ལུ་ བཞེངས་ཡོདཔ་ལས་ གཡུས་ཚན་དེ་ནང་ རྩ་ཆེ་ཤོས་ཅིག་ཨིན་ཟེར་ ཡེ་ཤེས་རྡོ་རྗེ་གིས་སླབ་ཨིན་པས།
བཤད་གྲྭའི་དབུ་འཛིན་ ཤེས་རབ་རྡོ་རྗེ་གིས་ སླབ་མིའི་ནང་ ལྷ་ཁང་དེ་ རྩ་ཅན་ག་དེམ་ཅིག་ཨིན་རུང་ མ་དངུལ་མེད་མི་ལུ་བརྟེན་ ད་ལྟོ་ཚུན་ གསེར་ཏོག་བཀལ་མ་ཚུགས་པར་ལུས་ཡོད་རུང་ དུས་ཅི་ སེམས་སྤྱི་མཐུན་གྱི་ཐོག་ལས་སྦེ་ གསེར་ཏོག་བཀལ་ཚུགས་ཡོདཔ་ལས་ ད་ལས་ཕར་ འཁོར་བ་ཇི་སྲིད་མ་སྟོང་གི་བར་དུ་ སེམས་ཅན་གྱི་འགྲོ་དོན་དེ་ རྒྱ་ཆེཝ་སྦེ་ར་འབྱུང་ཚུགས་པའི་ སྨོན་ལམ་བཏབ་ཨིན་ཟེར་ཨིན་པས།
ལྟག་ལུ་ ལྷ་ཁང་གི་ནང་རྟེན་ འོག་ཐོག་ལུ་ སྒྲོལ་མ་ཉེར་གཅིག་གི་སྐུ་དང་ ཐོག་༢ པའི་ནང་ གུ་རུ་གིས་གཙོས་པའི་ སྤྱན་རས་གཟིགས་ དེ་ལས་ ཀརྨ་པ་ཁོ་ར་གིས་ བོད་ལས་མར་བསྣམས་བྱོན་མི་ ཛམ་བྷ་ལའི་སྐུ་དང་ རྒྱུ་སྨན་གྱིས་སྒྲུབ་པའི་ ཀརྨ་མ་པའི་སྐུ་འདྲ་དང་ རྒྱུ་ཙན་དན་ལས་སྒྲུབ་པའི་ ངང་ཤིང་བླམ་གི་ སྐུ་འདྲ་ཚུ་ ནང་རྟེན་རྩ་ཅན་ཅིག་སྦེ་ བཞུགས་སུ་གསོལ་ཡོདཔ་ཨིན་པས།
དབུ་འཛིན་གྱིས་ ཀུན་གསལ་ལུ་སླབ་མིའི་ནང་ ལྷ་ཁང་དེ་བཞེངས་ཚར་བའི་ཤུལ་ལུ་ བཀྲིས་རབ་གནས་མཛད་པའི་སྐབས་ལུ་ཡང་ ཡ་མཚན་ཆེ་བའི་རྟགས་མཚན་ལེ་ཤ་བྱུང་ཡོདཔ་མ་ཚད་ དགོན་པའི་མཚན་ཡང་ ཆོས་ཀྱི་བསྟན་པ་དར་ནིའི་རྟེན་འབྲེལ་ལུ་ ཀརྨ་པའི་ལུང་བསྟན་དང་འཁྲིལ་ ཀརྨ་ཆོས་གླིང་ཟེར་བཏགས་གནང་ནུག་ཟེར་ཨིན་པས།
གསེར་ཏོག་ཕུལ་བའི་སྐབས་ བཛྲ་གུ་རུ་བླམ་གིས་དབུ་བཞུགས་ཐོག་ བཀྲིས་རབ་གནས་མཛད་གནང་པའི་སྐབས་ལུ་ཡང་ རྟགས་མཚན་ལེགས་ཤོམ་བྱུང་བའི་ཁར་ དེ་ཁར་འཛོམས་མི་ དད་ཅན་སྐྱ་སེར་ཕོ་མོ་ཚུ་ ཧེང་སྐལ་ར་ དད་པ་སྦོམ་བསྐྱེད་བའི་གཞི་ཅིག་ལུ་གྱུར་ཡོདཔ་ལས་ མི་ཚུ་གིས་འབད་རུང་ ད་ལས་ཕར་ ལྷ་ཁང་དེ་ལས་བརྟེན་ སེམས་ཅན་གྱི་འགྲོ་དོན་ བསམ་གྱིས་མ་ཁྱབ་ཅིག་འབྱུང་བའི་རྟེན་འབྲེལ་ཨིན་པས་ཟེར་ རྒན་ཤོས་ཚུ་གིས་བཤད་ཡོད་པའི་གནས་ཚུལ།

བདེ་ཆེན་ཚེ་རིང་།

No comments:

Post a Comment