གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྐང་འགྲུལ་པའི་ཉིནམ་དེ་གིས་ ཕན་གནོད་གཉིས་ཆ་ར་ཡོདཔ།

ཐིམ་ཁྲོམ་གྱི་ ནོར་འཛིན་ལམ་བདའ་སྟེ་ གླ་འཁོར་རྐྱངམ་གཅིག་ འགྲོ་འགྲུལ་འབད་བའི་མཐོང་སྣང་།
༉ ཁ་ཙ་ རེས་གཟའ་ལྷག་པ་ལུ་ རྐང་འགྲུལ་པའི་ཉིནམ་འགོ་བཙུགསཔ་དང་འབྲེལ་ དྲོ་པའི་ཆུ་ཚོད་༨ ལས་ ཕྱི་རུའི་ཆུ་ཚོད་ ༦ ཚུན་ རྐང་འགྲུལ་འབད་ཡོདཔ་ཨིན་རུང་ ལས་རིམ་དེ་ལུ་ དག་སྣང་སྐྱེད་མི་དང་ སྐྱོན་བརྗོད་འབད་མི་ཚུ་ཡོདཔ་ཨིན་པས།
ཉིནམ་དེ་ཁར་ རྒྱལ་ས་ལྟེ་བ་ ཐིམ་ཕུ་ཁྲོམ་སྡེའི་ནང་ འགྲུལ་སྐྱེལ་བཱསི་དང་ གླ་འཁོར་ དེ་ལས་ གློ་བུར་གྱི་ ཞབས་ཏོག་སྒྲུབ་མི་ སྣུམ་འཁོར་ཚུ་མ་གཏོགས་ སྣུམ་འཁོར་གཞན་གྱི་རིགས་ཚུ་ མཐོང་གསལ་མེདཔ་མ་ཚད་ རྒྱལ་ཁབ་ནང་འཁོད་ཀྱི་ ས་གནས་ཐདམ་ཐད་ཁ་ལས་ཕ་ཡང་ ལག་ལེན་བསྟར་སྤྱོད་འབད་ནི་འགོ་བཙུགས་ཡོདཔ་ཨིན་པས།



རྒྱལ་ཡོངས་ཚོགས་སྡེའི་ཁྲི་འཛིན་ རྣམ་རྒྱལ་དཔལ་འབྱོར་གྱིས་ བཤད་མི་དང་འཁྲིལཝ་ད་ གཞུང་གིས་ འདི་བཟུམ་གྱི་སྲིད་བྱུས་བརྩམས་ཞིནམ་ལས་ བདུན་ཕྲག་གི་གཟའ་ལྷགཔ་ཨ་རྟག་ར་ རྐང་འགྲུལ་འབད་ནི་སྦེ་ བཟོ་ཡོད་མི་གིས་ དང་པ་ རང་གི་ལུས་སྟོབས་ལུ་ཕན་ཐོགས་འབྱུང་ནི་དང་ གཉིས་པ་ རང་བཞིན་གནས་སྟངས་ གསུམ་པ་ རང་གི་ངོ་ཤེས་འདྲིས་ཤེས་ཀྱི་ཆ་རོགས་དང་ ཕ་སྤུན་ དེ་ལས་ འཆམ་མཐུནམ་ཚུ་དང་ ཕྱད་ཚུགས་པའི་གོ་སྐབས་སྦོམ་འདུག་ཟེར་ཨིན་པས།
ཨིན་རུང་ བུམ་ཐང་རྫོང་ཁག་གི་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་ ཚེ་དབང་འགྱུར་མེད་ཀྱིས་ བསམ་འཆར་བཀོད་དོ་བཟུམ་འབད་བ་ཅིན་ གཞུང་གིས་ མི་སེར་ཚུ་དང་གཅིག་ཁར་ གསུང་གྲོས་མ་གནང་པར་ དེ་འཕྲོ་ལས་ འཆར་གཞི་བརྩམས་ཏེ་ ལག་ལེན་འཐབ་བཅུག་ནི་དེ་གིས་ བྱ་སྟབས་མ་བདེ་བའི་ དཀའ་ངལ་སྦོམ་འདུག་ཟེར་ཨིནམ་ད་ རྐང་འགྲུལ་དེ་གིས་ གཞུང་གཡོག་དང་ སྒེར་སྡེ་ ལས་འཛིན་ ལས་སྡེ་ཚུ་གིས་ དཔལ་འབྱོར་གོང་འཕེལ་གཏང་ནིའི་ལས་དོན་འགྲུབ་ནི་ལུ་ གནོད་སྐྱོན་འབྱུང་ནིའི་ཉེན་ཁ་ཡོདཔ་ལས་ རྐང་འགྲུལ་གྱི་ལམ་ལུགས་དེ་ རྒྱལ་ཡོངས་ཚོགས་འདུའི་ནང་ གསུང་གྲོས་ཞིབ་ཞིབ་སྦེ་གནང་དགོཔ་འདུག་ཟེར་ཨིན་པས།
ཆུ་ཁ་རྫོང་ཁག་ལས་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་ ཚེ་དབང་ལྷམོ་གིས་འབད་བ་ཅིན་ མི་ངོ་རང་རྐྱང་ལུ་ རྐང་འགྲུལ་འབད་ནི་དེ་ སྤྲོ་བ་དང་ དང་འདོད་སྦོམ་ཡོད་དེ་འབད་རུང་ འགོ་དཔོན་ཚུ་གིས་ ཡིག་ཚང་གི་དུས་ཚོད་ཁར་ ལྷོད་མ་ཚུགས་མི་དང་ ཡིག་ཚང་ལ་ལུ་ཅིག་ནང་ ཞལ་འཛོམས་འཚོག་ནིའི་ལས་རིམ་བཟོ་ཡོད་མི་ཚུ་ཡང་ དུས་ཚོད་ཁར་ འཚོག་མ་ཚུགས་པའི་ དཀའ་ངལ་བྱུང་སར་མཐོང་ཅི་ཟེར་སླབ་ཨིན་པས།
འགོ་དཔོན་ལ་ལུ་ཅིག་གིས་ སླབ་མི་དང་འཁྲིལཝ་ད་ གླ་འཁོར་དང་ འགྲུལ་འཁོར་བཱསི་ཚུ་ གཏང་ཆོགཔ་སྦེ་བཟོ་ཡོད་མི་གིས་ གཞུང་ལུ་ གལ་གནད་ཅན་གྱི་ ལཱ་འབད་དགོཔ་འཐོན་པའི་སྐབས་ལུ་ གླ་འཁོར་གཏང་མི་དང་ འགྲུལ་འཁོར་བཱསི་ཚུ་གིས་ གནོད་པ་ལས་བརྒལ་བའི་ ཕན་ཐོགས་རྩ་ལས་ར་ མིན་འདུག་ཟེར་ཨིན་པས།
མི་སེར་ལ་ལུ་ཅིག་གིས་འབད་བ་ཅིན་ རྐང་འགྲུལ་གྱི་ ཉིནམ་འདི་ཁར་ གཞུང་འཁོར་དང་ སྒེར་གྱི་སྣུམ་འཁོར་ཚུ་གཏང་ནི་མེད་པ་ཅིན་ ཁྲོམ་སྡེའི་འགྲུལ་འཁོར་བཱསི་དང་ གླ་འཁོར་ གཏང་མི་ག་འབད་རུང་ ལམ་ལུགས་གཅིག་མཚུངས་ཐོག་ལས་ མ་ཆོག་སྦེ་ར་བཞག་པ་ཅིན་ མི་སེར་ལུ་ འདྲ་མཉམ་དང་ དྲང་བདེན་འདུག་ཟེར་ བཤདཔ་ཨིན་པས།
སྒྲིག་ལམ་གཙོ་འཛིན་ འཇིགས་མེད་འོད་ཟེར་གྱིས་ བསམ་འཆར་བཀོད་དོ་བཟུམ་འབད་བ་ཅིན་  སེམས་རྟོགས་ཁ་ནང་པའི་རིག་གཞུང་མཐོ་རིམ་སློབ་གྲྭ་ནང་ སྡོད་རིང་ ཉིན་བསྟར་བཞིན་དུ་ དྲོ་པ་དང་ཕྱི་རུ་ རྐང་སྟོང་སྦེ་འགྱོ་བའི་བསྒང་གི་ སྣང་བ་ཡང་ཤར་ཡི་ཟེར་ཨིནམ་ད་ ལས་རིམ་དེ་བཟུམ་ འགོ་འདྲེན་འཐབ་མི་དེ་གིས་ རང་བཞིན་གནས་སྟངས་དང་ ལུས་སྟོབས་ལུ་ ཕན་ཐོགས་སྦོམ་འོང་ནི་མས་ཟེར་ཨིན་པས།
ཐིམ་ཕུ་ཁྲོམ་སྡེའི་ སྒེར་སྡེ་སློབ་གྲྭ་ཁག་ཚུ་ནང་ ན་གཞོན་སྐྱེས་ལོ་༤ ལས་༦ མན་ཆད་འབད་མི་ སློབ་ཕྲུག་ཚུ་ ཉིན་བསྟར་བཞིན་དུ་ ཕམ་ཚུ་གིས་ རང་སོའི་སྣུམ་འཁོར་ནང་སྦེ་བསྐྱལ་ནི་ཡོད་རུང་ ལས་རིམ་དེ་གིས་ དང་པ་ སློབ་ཕྲུག་ཚུ་ དུས་ཚོད་ཁར་ བསྐྱལ་བར་ལྷོད་མ་ཚུགས་ གཉིས་པ་ ཕམ་ཚུ་ཡིག་ཚང་ནང་འགྱོ་ནི་ལུ་ ཕྱིས་པའི་དཀའ་ངལ་སྦོམ་བྱུངམ་མས་ཟེར་ ཨ་ལུའི་ཕམ་ཚུ་གིས་བཤདཔ་ཨིན་པས།
ལྷན་རྒྱས་གཞུང་ཚོགས་ཀྱིས་ གསལ་བསྒྲགས་འབད་མི་ལྟར་དུ་ འཛམ་གླིང་མཐའ་འཁོར་གནས་སྟངས་ཀྱི་ ཉིནམ་དང་འབྲེལ་ ཁ་ཙ་ལས་ འགོ་བཙུགས་ཏེ་ རེས་གཟའ་ལྷག་པ་དེ་ ཨ་རྟག་ར་ རྐང་འགྲུལ་པའི་ཉིནམ་སྦེ་ བརྩི་སྲུང་འབད་ནི་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment