གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དབུལ་ཕོངས་བསལ་ཐབས་ལུ་ ཟས་བཅུད་ཉུང་བའི་སྐྱོན་ མེདཔ་བཟོ་དགོཔ།

ཐོམ་སཱོན་ རེའུ་ཊརསི་གཞི་ཚོགས་ལས་ ནི་ཀོ་ལཱསི་ ཕི་ཐི་ཡཱན་གྱིས་ གནས་ཚུལ་མཁནམ་ཚུ་ལུ་ ཟས་བཅུད་ཀྱི་སྐོར་ལས་ གསལ་བཤད་འབད་བའི་བསྒང་།
༉ འགྲོ་བ་མིའི་གཟུགས་ཁ་ལུ་ ཟས་བཅུད་ཉུང་སྐྱོན་གྱི་ དཀའ་ངལ་བྱུང་མི་དེ་ དབུལ་ཕོངས་རྐྱངམ་གཅིག་ལུ་བརྟེན་མེན་པར་ ཟས་བཅུད་མ་ལང་པའི་ རྒྱུ་རྐྱེན་ཅིག་ཡང་ཨིན་ཟེར་ འཛམ་གླིང་དངུལ་ཁང་གི་ ཟས་བཅུད་མཁས་མཆོག་ ཀོ་སི་ མུ་ཡ་གིས་ ནེ་པཱལ་གྱི་རྒྱལ་ས་ ཀཱཐ་མཱན་ཌུ་ལུ་ ཟས་བཅུད་ཀྱི་སྐོར་ལས་ གནས་ཚུལ་བསྡུ་འགོད་ཀྱི་ གོ་བསྡུར་ཞལ་འཛོམས་ཅིག་ནང་ བཅའ་མར་གཏོགས་པའི་བསྒང་ཡོད་མི་ ལྷོ་ཨེ་ཤི་ཡའི་ གནས་ཚུལ་མཁན་ཚུ་ལུ་ གསལ་བཤད་འབད་ཡོདཔ་ཨིན་པས།


ཁ་ཙ་ལས་ འགོ་བཙུགས་མི་ གོ་བསྡུར་ཞལ་འཛོམས་དེ་ ཐོམ་སཱོན་རེ་ཊར་གཞི་ཚོགས་ཀྱི་ ལྷན་ཐབས་ཐོག་ལུ་ འཛམ་གླིང་དངུལ་ཁང་གིས་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
ཧེ་མ་འབད་བ་ཅིན་ ཟས་བཅུད་ཉུང་སྐྱོན་དེ་ དབུལ་ཕོངས་ཀྱི་ དཀའ་ངལ་ལུ་བརྟེན་ བྱུང་ཡོདཔ་སྦེ་ ཆ་བཞག་ནི་དེ་གིས་ སྲིད་བྱུས་རྩམ་མི་ མང་ཤོས་ཅིག་གིས་ དབུལ་ཕོངས་ཀྱི་ དཀའ་ངལ་བསལ་བའི་བསྒང་ལས་ ཟས་བཅུད་ཉུང་སྐྱོན་ཡང་ མེདཔ་བཟོ་ཚུགས་པི་ མནོ་བསམ་བཏང་སྲོལ་ཡོདཔ་ཨིན་རུང་ རྩིས་དཔྱད་ཚུ་དང་འཁྲིལཝ་ད་ ཟས་བཅུད་ཉུང་སྐྱོན་གྱི་ དཀའ་ངལ་བསལ་ཐབས་ལུ་ རྒྱལ་ཁབ་ཚུ་ལུ་ ནང་འཁོད་སྤྱིར་བསྡོམས་ཐོན་སྐྱེད་ལས་ བརྒྱ་ཆ་༢-༣ དེ་རེ་ གྱོང་རྒུད་ཕོག་ནི་མས་ཟེར་ ཀོ་སི་ མུ་ཡ་གིས་ བཤདཔ་ཨིན་པས།
འབྲུག་གིས་ གསོ་བའི་དོན་ལུ་ ནང་འཁོད་སྤྱིར་བསྡོམས་ཐོན་སྐྱེད་ལས་ བརྒྱ་ཆ་༣.༧ ཟད་འགྲོ་བཏང་དོ་ཡོདཔ་མ་ཚད་ འཛམ་གླིང་དངུལ་ཁང་གི་ མཁས་མཆོག་ཚུ་གིས་ཡང་ འབྲུག་རྒྱལ་ཁབ་ཀྱི་ ཟས་བཅུད་གནས་སྟངས་དེ་ ལྷོ་ཨེ་ཤི་པའི་ རྒྱལ་ཁབ་གཞན་ཚུ་ནང་བཟུམ་སྦེ་ སྤྱིར་སྙོམས་གནས་ཚད་ཀྱི་ འོག་རྒྱུ་ལུ་ཡོདཔ་སྦེ་ གསལ་བཀོད་འབད་དེ་ཡོདཔ་ཨིན་པས།
དེ་མ་ཚད་ ལྷོ་ཨེ་ཤི་ཡ་ལུ་ དཔལ་འབྱོར་གྱི་ འཕེལ་ཚད་དེ་གིས་ཡང་ ཟས་བཅུད་གནས་ཚད་ཡར་དྲག་བཟོ་ནི་ལུ་ ལྷན་ཐབས་མ་འབད་བར་ ཨ་ལུ་ཚུ་ ལྗིད་ཚད་མ་ལངམ་སྦེ་སྐྱེ་བའི་ དཀའ་ངལ་འཕྲོ་མཐུད་དེ་ར་ བྱུང་སྟེ་ཡོདཔ་ཨིན་པས།
འདི་བཟུམ་མའི་ གནས་སྟངས་ལུ་ལྟཝ་ད་ རྣམ་རྟོག་ལང་སི་སི་ཅིག་ཨིན་མི་དེ་ཡང་ ལྷོ་ཨེ་ཤི་ཡ་ལུ་ ཟས་བཅུད་ཀྱི་ གནས་ཚད་དེ་ འཛམ་གླིང་ནང་ འོང་འབབ་ཉུང་ཤོས་ཅིག་ལས་བརྒལ་མེད་མི་ ཨཱཕི་རི་ཀ་རྒྱལ་ཁབ་དང་ཕྱདཔ་ད་  སྐྱོ་ཤོས་ཅིག་ཨིན་པས་ཟེར་ ལྷོ་ཨེ་ཤི་ཡའི་ ལུང་ཕྱོགས་ནང་ འཛམ་གླིང་དངུལ་ཁང་གི་ མི་སྟོབས་གོང་འཕེལ་གྱི་ དཔལ་འབྱོར་མཁས་མཆོག་ ཌོག་ཊར་པཱབ་ལོ་ གོ་ཊེཊ་གིས་ ན་ཧིང་ སྤྱི་ཟླ་༡༢ པའི་ནང་ འབྲུག་ལུ་ གསོ་བའི་འཕྲོད་བསྟེན་མཐའ་སྐྱོང་གི་ མ་དངུལ་བྱིན་ནིའི་ ཞལ་འཛོམས་འགོ་འདྲེན་འཐབ་པའི་སྐབས་ སླབ་ཡོདཔ་ཨིན་པས།
སྤྱི་ལོ་༢༠༡༢ ཀྱི་ ལོ་བསྟར་གསོ་བའི་དུས་དེབ་དང་འཁྲིལ་བ་ཅིན་ ན་ཧིང་ འབྲུག་ལུ་ ཨ་ལུ་༡༡༦ ལྗིད་ཚད་མ་ལངམ་སྦེ་ སྐྱེས་ཡོདཔ་ད་ ཟས་བཅུད་མ་ཐོབ་པའི་ དཀའ་ངལ་ཅིག་ ཨ་ལུ་ལུ་ ཨོམ་བྱིན་ཐངས་ཚུ་ལས་ བྱུང་དོ་ཡོདཔ་ཨིན་པས།
ཨཱཕི་རི་ཀ་ལུ་ ཨ་ལུ་ཚུ་ ཨོམ་འཐུང་དགོ་མ་མནོ་ཚུན་ཚོད་ ལོ་ངོ་ཕྱེད་དང་གསུམ་ལས་ ལོ་༣ ཚུན་ ཨའི་གི་ཨོམ་བྱིན་དོ་ཡོདཔ་ཨིན་རུང་ ལྷོ་ཨེ་ཤི་ཡ་ལུ་ ཟླཝ་༦ ལས་༩ ལང་མི་ ཨ་ལུ་བརྒྱ་ཆ་༥༣ ལུ་ ཨོམ་གུ་ ལྷན་ཐབས་བཞེས་སྒོ་ཚུ་ བྱིན་དོ་ཡོདཔ་ཨིན་པས།
འབྲུག་ལུ་འབད་བ་ཅིན་ ཨ་ལུ་བརྒྱ་ཆ་༡༠ རྐྱངམ་གཅིག་ལུ་ ཟླ་ངོ་༦ གི་རིང་ ཨའི་གི་ཨོམ་བྱིནམ་མས་ཟེར་ སྤྱི་ལོ་༢༠༠༨ ལུ་ རྒྱལ་ཡོངས་ཟས་བཅུད་དང་ རྨས་སྐྱེས་ དེ་ལས་ ཨ་ལུ་ཆུང་ཀུ་ཚུ་ལུ་ ཨོམ་བྱིན་མིའི་སྐོར་ལས་ བརྟག་ཞིབ་འབད་མིའི་ནང་ གསལ་བཀོད་འབད་ནུག།
ཀོ་སི་ མུ་ཡ་གིས་འབད་བ་ཅིན་ བརྟག་དཔྱད་ཀྱི་ གྲུབ་འབྲས་ཚུ་དང་འཁྲིལཝ་ད་ ཨ་ལུ་ཅིག་ལུ་ ཟས་བཅུད་ཉུང་བའི་ ན་ཚ་ཐོབ་པ་ཅིན་ ཟས་བཅུད་ལྡན་མི་ཚུ་དང་ཕྱདཔ་ད་ ཨ་ལུའི་ལྕོགས་གྲུབ་བརྒྱ་ཆ་༡༠ དེ་ཅིག་ མར་འབབ་འགྱོཝ་མས་ཟེར་ཨིནམ་ད་ གལ་སྲིད་ རྒྱལ་ཁབ་ཅིག་གིས་ ཨ་ལུའི་ཤེས་ཡོན་གྱི་དོན་ལུ་ ཟད་འགྲོ་འབོར་ཆེ་ཏོག་ཏོ་སྦེ་བཏང་སྟེ་ ཟས་བཅུད་ཡར་དྲག་ནང་ ཟད་འགྲོ་ཉུང་སུ་བཏང་པ་ཅིན་ ཨ་ལུ་དེ་གིས་ ཤེས་ཡོན་དེ་ ནུས་སྟོབས་དང་འཁྲིལ་ ཧྲིལ་བུ་སྦེ་ གཡོག་བཀོལ་མི་ཚུགས་ཟེར་ ཁོ་གིས་ བཤདཔ་ཨིན་པས།
འབྲུག་གི་ཨ་ལུ་སྐྱེ་ལོ་༥ འོག་རྒྱུ་འབད་མིབརྒྱ་ཆ་༣༧ སཚུ་ སྦོམ་མ་ཚུགས་པར་ ལུས་ཡོདཔ་མ་ཚད་ ལྗིད་ཚད་མ་ལང་མི་ ཨ་ལུ་བརྒྱ་ཆ་༡༡ དེ་ལས་ ཨ་ལུ་ས་ཞན་འོགཔ་བརྒྱ་ཆ་༥ ཡོདཔ་ཨིན་པས།
གལ་སྲིད་ རྒྱལ་ཁབ་ཚུ་གིས་ ཟས་བཅུད་ཀྱི་ གནས་ཚད་ལེགས་བཅོས་འབད་ནིའི་ ཐབས་ལམ་ཚུ་ མ་བཏོན་པ་ཅིན་ ཟས་བཅུད་ཉུང་སྐྱོན་གྱི་ གནས་སྟངས་དེ་ དེ་སྦེ་ར་ ལུས་འོང་ཟེར་ མཁས་མཆོག་ཚུ་གིས་ སླབ་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment