སྤྱི་ཟླ་༦ པའི་ཚེས་༨ ཚུན་ དབང་འཛིན་གྱི་ ཡོངས་འབྲེལ་འཆར་སྒོ་ནང་ སྣུམ་འཁོར་གྱི་ ཡིག་ཆ་བསྐྱར་གསོ་མ་འབད་མི་༨,༤༢༥ ཐོན་མིའི་གྲས་ལས་ སྒེར་གྱི་སྣུམ་འཁོར་༧,༣༥༡ དང་ གཞུང་གི་སྣུམ་འཁོར་༦༤༨ དེ་ལས་ གླ་འཁོར་༤༢༦ ཡོདཔ་ཨིན་པས།
ལུང་ཕྱོགས་སྐྱེལ་འདྲེན་འགོ་དཔོན་ལས་རོགསཔ་ ཚེ་རིང་བཟང་མོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ སྤྱི་ལོ་༢༠༡༠ གྱི་ཟླ་༦ པ་རྫོགས་པའི་ཤུལ་ལས་ སྣུམ་འཁོར་༧,༠༣༡ གིས་ ཡིག་ཆ་ཚུ་ བསྐྱར་གསོ་མ་འབད་བས་ཟེར་ཨིན་པས།
དུས་ཅི་ རྒྱལ་ཁབ་ནང་ སྣུམ་འཁོར་༡,༤༠༠ གིས་ ཡར་སེང་སོང་ནུག་ཟེར་ཨིནམ་ད་ མ་གཞི་ སྣུམ་འཁོར་གྱི་ ཇོ་བདག་ཚུ་གིས་ རང་གི་སྣུམ་འཁོར་གྱི་ ཡིག་ཆ་ཚུ་ ལོ་རེ་ནང་ ཚར་རེ་ བསྐྱར་གསོ་འབད་དགོཔ་ཨིནམ་ཤེས་རུང་ མི་འབད་བས་ཟེར་ཨིན་པས།
ཚེ་རིང་བཟང་མོ་གིས་འབད་བ་ཅིན་ སྣུམ་འཁོར་གྱི་ བདག་དབང་སྤོ་སོར་འབད་ནི་དང་ གླ་འཁོར་ལས་ སྒེར་འཁོར་ལུ་ བསྒྱུར་བཅོས་འབད་ནི་ཚུ་ཡང་ དབང་འཛིན་གྱི་ཁ་ཐུག་ལས་ དུས་ཚོད་འགོར་སོ་ཡི་ཟེར་ཨིན་པས།
ལུང་ཕྱོགས་སྐྱེལ་འདྲེན་འགོ་དཔོན་ རྡོ་ཕུག་འབྲུག་པ་གིས་ བཤད་མི་དང་འཁྲིལཝ་ད་ བདག་དབང་སྤོ་སོར་འབད་ནིའི་ནང་ དཀའ་ངལ་ཐོན་དགོ་མི་དེ་ གཙོ་བོ་ར་ སྣུམ་འཁོར་གྱི་ཇོ་བདག་གི་ མི་ཁུངས་ངོ་སྤྲོད་ལག་ཁྱེར་ཨང་དང་ སྡོད་གནས་ཚུ་ གསལ་ཏོག་ཏོ་མེད་མི་ལུ་བརྟེན་ཏེ་ ཨིན་ཟེར་ཨིན་པས།
སྣུམ་འཁོར་གྱི་ ཇོ་བདག་ལ་ལུ་ཅིག་གིས་ ལོ་ངོ་༢༠ གི་ཧེ་མ་ལས་ར་ ཡིག་ཆ་བསྐྱར་གསོ་མ་འབད་བར་ བཞག་ཡོདཔ་ཨིན་པས།
ལམ་འགྲུལ་ཉེན་སྲུང་དང་སྐྱེལ་འདྲེན་དབང་འཛིན་གྱིས་ སྣུམ་འཁོར་གྱི་ ཇོ་བདག་ཚུ་ལུ་ ཡིག་ཆ་བསྐྱར་གསོ་འབད་ནིའི་དོན་ལུ་ སྤྱི་ཟླ་༦ པའི་ཚེས་༣༠ ཚུན་ དུས་ཚོད་བྱིན་ཡོདཔ་ཨིན་པས།
རྡོ་ཕུག་འབྲུག་པ་གིས་འབད་བ་ཅིན་ ག་དེམ་ཅིག་སྦེ་ དབང་འཛིན་གྱིས་ དུས་ཚོད་བྱིན་མིའི་ནང་འཁོད་ལུ་ ཡིག་ཆ་ཚུ་ བསྐྱར་གསོ་མ་འབད་བ་ཅིན་ སྣུམ་འཁོར་ཐོ་བཀོད་འབད་ཡོད་མི་དེ་ཡང་ ཆ་མེད་གཏང་ནི་ཟེར་ཨིན་པས།
ཨིན་རུང་ ལམ་འགྲུལ་ཉེན་སྲུང་དང་སྐྱེལ་འདྲེན་དབང་འཛིན་གྱི་ཐོ་དང་འཁྲིལཝ་ད་ ཡིག་ཆ་བསྐྱར་གསོ་མ་འབད་མི་ཚུ་གི་གྲས་ལུ་ སྣུམ་འཁོར་འཁོར་ལོ་གཉིསམ་༣,༠༤༡ དང་ སྣུམ་འཁོར་ཆུང་བ་༤,༡༠༧ སྣུམ་འཁོར་བར་མ་༡༠༩ སྣུམ་འཁོར་ཆེ་བ་༧༠༣ དེ་ལས་ ས་བརྐོ་འཕྲུལ་ཆས་༣༣ ཚུད་ཡོདཔ་ཨིན་པས།
དེ་ནང་ལས་ སྣུམ་འཁོར་༧ ག་ཅི་གི་ ཐོ་ནང་ཡང་ མ་ཚུད་པར་ཡོདཔ་ད་ དེ་ཡང་ སྣུམ་འཁོར་གྱི་ དབྱེ་རིམ་མ་བཟོ་བའི་ཧེ་མ་ལས་ར་ ཐོ་བཀོད་འབད་ཚར་ནི་དེ་གིས་ཨིན་ཟེར་ དབང་འཛིན་གྱི་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པའི་གནས་ཚུལ།
རྩོམ་འབྲི་ལས་བྱེདཔ།
No comments:
Post a Comment