གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྒེད་འོག་གསརཔ་ལེ་ཤ་ གཞི་བཙུགས་འབད་ནི་དེ་ འོས་ལྡན་མེདཔ།

༡༣/༠༦/༢༠༡༢   ༉ ཁ་ཙ་ རྒྱལ་ཡོངས་ཚོགས་འདུ་ནང་ སྤྱི་ཚོགས་དང་པའི་ ཚོགས་ཐེངས་༢ པའི་སྐབས་ རྒེད་འོག་གསརཔ་ གཞི་བཙུག་དགོཔ་ཡོད་པའི་སྐོར་ལས་ གྲོས་འཆར་ཕུལ་མིའི་གུ་ གསུང་གྲོས་གནངམ་ད་ ནང་སྲིད་བློན་པོ་མི་འགྱུར་རྡོ་རྗེ་གིས་ རྒེད་འོག་ཐེབས་ བཙུག་ནི་ཕར་བཞག་ རྒེད་འོག་ལ་ལུ་ཅིག་ གཅིག་ཁར་བརྡབ་སྟེ་ བཟོ་དགོ་ནི་བཟུམ་ཅིག་ འདུག་ཟེར་ཞུ་ཡི།


གལ་སྲིད་ རྒེད་འོག་གསརཔ་བཙུགས་པ་ཅིན་ རྒེད་འོག་ཡིག་ཚང་དང་ གཞན་ཡིག་ཚང་ ལེ་ཤ་རྐྱབ་དགོ་པའི་ཁར་ མི་སྟོབས་ཡང་ བཙུག་དགོཔ་འཐོན་ནི་ཨིནམ་ལས་ གཞུང་ལུ་ ཟད་འགྲོ་སྦོམ་ གནས་ནི་མས་ཟེར་ཞུ་ཡི།
དེ་དང་འཁྲིལ་ཏེ་ ད་ལྟོ་ ས་གནས་གཞུང་སྐྱོང་ལས་ཁུངས་ཀྱིས་ རྒེད་འོག་རེ་རེ་བཞིན་དུའི་ནང་ དབྱེ་ཞིབ་ཚུ་ ལེགས་ཤོམ་འབད་དེ་ དེ་ཚུའི་ནང་ རྒེད་འོག་གསརཔ་ ངེས་བདེན་འབད་ར་ བཙུག་དགོཔ་འདུག་ག་ བལྟ་ཞིནམ་ལས་ འཆར་ལོ་༡༡ པའི་ནང་ སྙན་ཞུ་འབད་ནི་སྦེ་ སླབ་སྟེ་ཡོད་ཟེར་ཞུ་ཡི།
ལྡོག་ཕྱོགས་འགོ་ཁྲིདཔ་ ཚེ་རིང་སྟོབས་རྒྱས་ཀྱིས་འབད་བ་ཅིན་ སྤྱིར་བཏང་ གནད་དོན་དེ་གི་སྐོར་ལས་ དབྱེ་ཞིབ་ཚུ་འབད་དེ་ འཆར་གཞི་༡༡ པའི་ནང་ སྙན་ཞུ་འབད་ནི་ལུ་ མ་བཏུབ་མེད་རུང་ ཁག་ཆེཝ་ངེས་བདེན་ཡོད་པའི་ ས་ཁོངས་ཚུ་གི་ གནད་དོན་ཚུ་ འཆར་གཞི་༡༠ པའི་ནང་ར་ མཇུག་བསྡུཝ་སྦེ་ འབད་ཚུགས་པ་ཅིན་ དྲག་ནི་མས་ཟེར་ཞུ་ཡི།
དེ་ཡང་ དཔེ་འབད་བ་ཅིན་ ཁོ་རའི་ འདེམས་ཁོངས་ནང་ ས་དམར་ཚོགས་༥ ཟེར་ གཡུས་ཚན་༥ ཡོད་པའི་གྲས་ལས་ སེག་ཏེ་ནང་གཡུས་ཚན་དེ་ ས་དམར་རྒེད་འོག་ནང་སྦེ་ སྡོད་པའི་སྐབས་ གཡུས་ཚན་གྱི་མི་ཚུ་ ཁོང་རའི་ རྒེད་འོག་ལྟེ་བའི་ནང་ འགྱོ་ནིའི་དོན་ལུ་ ཉིནམ་༡ ལས་ མི་འགོར་ཟེར་ཞུ་ཡི།
ཤུལ་ལས་ རྫོང་ཁག་ནང་ དགའ་སྐྱིད་གླིང་རྒེད་འོག་གསརཔ་ གཞི་བཙུགས་འབད་བའི་སྐབས་ལུ་ སེག་ཏེ་ནང་དེ་ དགའ་སྐྱིད་གླིང་རྒེད་འོག་ནང་ བརྡབས་ཡོདཔ་ལས་ ད་རེས་ གནམ་འབྱ་ཆརཔ་ཤུགས་སྦེ་ རྐྱབ་པའི་དུས་ཚོད་ལུ་ ཨ་མོ་ཆུ་ལུ་བརྟེན་པའི་ དཀའ་ངལ་གྱིས་ སེག་ཏེ་ནང་གཡུས་ཚན་གྱི་མི་ཚུ་ དགའ་སྐྱིད་གླིང་རྒེད་འོག་ལྟེ་བ་ རང་རྩེ་ཁར་ལྷོད་ནི་ལུ་ བསམ་རྩེ་རྫོང་ཁག་གི་རྒེད་འོག་ ལྡན་ཅུ་ཁ་དང་ རྡོ་རོ་ཁ་ དེ་ལས་ དུམ་སྟོད་རྒེད་འོག་ཚུ་བརྒལ་ཏེ་ འགྱོ་དགོཔ་ལས་ རྒེད་འོག་ནང་ལྷོད་ནི་ལུ་ ཉིནམ་༤ དེ་རེ་ འགོརཝ་ཨིན་ཟེར་ཞུ་ཡི།
དེ་བཟུམ་མའི་ གནད་དོན་ཚུ་ལུ་གཟིགས་ཏེ་ ས་གནས་ཀྱི་དཀའ་ངལ་དེ་ འཕྲལ་མགྱོགས་ར་ བསལ་གནང་དགོཔ་དེ་ ཁག་ཆེ་བས་ཟེར་ཞུ་ཡི།
དགེ་ལེགས་ཕུག་ལས་ སྤྱི་ཚོགས་ཀྱི་འཐུས་མི་ པེ་རེམ་ཀུ་མར་ གུ་རུང་གིས་འབད་བ་ཅིན་ ཁོ་གི་ འདེམས་ཁོངས་ནང་ཡང་ དེ་བཟུམ་མའི་ དཀའ་ངལ་ཚུ་ སྦོམ་སྦེ་ར་ཡོདཔ་བཞིན་དུ་ དེ་ཚུ་ འཆར་གཞི་༡༠ པའི་ནང་ར་ གྲོས་ཐག་གཅད་ཚུགས་པ་ཅིན་ཟེར་བའི་ བསམ་འཆར་བཀོད་ཡོདཔ་ད་ མ་གཞི་ རྒེད་འོག་གསརཔ་ གཞི་བཙུག་འབད་བའི་སྐབས་ལུ་ ཟད་འགྲོ་དུམ་གྲ་རེ་ གནས་ནི་ཨིན་རུང་ དེ་ལུ་ ཚ་གྱང་མ་ལང་པར་ རྩ་འགེངས་ཏེ་འབད་བ་ཅིན་ ཕན་ཁྱད་མི་འདྲ་ཟེར་ཞུ་ཡི།
བསམ་གྲུབ་ལྗོངས་མཁར་གྱི་འཐུས་མི་ ནོར་བུ་དབང་འཛོམས་ཀྱིས་ཡང་ མོ་རའི་ འདེམས་ཁོངས་ནང་ གཡུས་ཚན་ཚུ་ རྒེད་འོག་ལྟེ་བ་ལས་ ཐག་རིང་སར་ཨིནམ་ལས་ དཀའ་ངལ་ཚུ་གི་སྐོར་ལས་ ཞུ་བ་འབད་ཡོདཔ་ད་ ཚོགས་དཔོན་འཇིགས་མེད་ཚུལ་ཁྲིམས་ཀྱིས་ སྤྱི་ཚོགས་དང་པའི་ ཚོགས་ཐེངས་༢ པའི་སྐབས་ལུ་ རྒེད་འོག་༤ གི་དོན་ལུ་རྐྱངམ་གཅིག་མ་གཏོགས་ གྲོས་གཞི་མེདཔ་ཨིན་རུང་ ད་རེས་འབདཝ་ད་ འཐུས་མི་ལེ་ཤ་ཅིག་གིས་ར་ རང་སོའི་ རྒེད་འོག་ནང་ དཀའ་ངལ་ཡོད་པའི་སྐོར་ལས་ ཞུ་བ་འབད་མི་དེ་ འོས་ལྡན་ཅིག་ མིན་འདུག་ཟེར་གསུངས་ཡི།
མགར་སའི་འཐུས་མི་ ཀུན་ལེགས་རྡོ་རྗེ་གིས་ ལུང་ནག་ནང་དང་ གཞན་ཉེ་འདབས་ཀྱི་ རྒེད་འོག་ཚུ་གི་བར་ནའི་ ས་མཚམས་ཚུ་ གཏན་འཁེལ་མེདཔ་ལས་ ད་རེས་ དབྱར་རྩྭ་དགུན་འབུབ་ འཐུ་བའི་སྐབས་ལུ་ཡང་ བྱ་སྟབས་མ་བདེཝ་ཚུ་ ཐོནམ་མས་ཟེར་ཞུ་ཡི།
ཤེས་རིག་བློན་པོ་ ཐྲ་ཀུར་སིང་ པའུ་ཌེལ་གྱིས་ ཁོ་གི་ འདེམས་ཁོངས་ནང་ཡང་ རྒེད་འོག་ཐེབས་བཟོ་དགོཔ་ཡོདཔ་མ་ཚད་ རྡོ་རོ་ཁ་དྲུང་ཁག་དེ་ སའི་རྒྱ་ཚད་དང་ མི་རློབས་༢ ཆ་ར་ལས་འབད་རུང་ རྫོང་ཁག་སྦེ་ གཞི་བཙུགས་འབད་ནི་ལུ་ འོས་འབབ་སྦོམ་ཡོད་ཟེར་ཞུ་ཡི།
ལྷུན་རྩེའི་འཐུས་མི་ ཀརྨ་རང་གྲོལ་གྱིས་ ད་ལས་ཕར་ གཞུང་སྐྱོང་གི་ དུས་ཚོད་ཚང་ནི་ལུ་ དུས་ཚོད་གངམ་མེདཔ་བཞིན་དུ་ འཆར་གཞིའི་ལཱ་ཚུ་ཡང་ ལེ་ཤ་ཅིག་ར་ མཇུག་བསྡུ་དགོཔ་ཡོདཔ་ལས་ རྒེད་འོག་ཐེབས་བཙུག་ནིའི་ལཱ་ཚུ་ ཤུལ་མའི་ གཞུང་སྐྱོང་གི་དོན་ལུ་ བཞག་པ་ཅིན་ དྲག་ནི་མས་ཟེར་ཞུ་ཡི།
ཚོགས་དཔོན་འཇིགས་མེད་ཚུལ་ཁྲིམས་ཀྱིས་ མ་གཞི་ གཞུང་གི་ འཆར་གཞིའི་ལཱ་ཚུ་ དུས་ཚོད་ཁར་ མཇུག་དགོཔ་དེ་ ཁག་ཆེཝ་ཨིན་རུང་ ཧཱ་ས་དམར་རྒེད་འོག་གི་ དཀའ་ངལ་བཟུམ་ཅིག་འབད་བ་ཅིན་ ལེགས་ཤོམ་སྦེ་ར་ བལྟ་དགོཔ་འདུག་ཟེར་ གསུངས་ཡོད་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment