གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བང་ལ་དེཤ་ལུ་ ཕེ་རོ་ སི་ལི་ཀཱོན་ ཕྱིར་ཚོང་འཐབ་ད་ ཁྲལ་ཡངས་ཆག་མི་ཐོབ་ནི།

༡༨/༠༦/༢༠༡༢   ༉ ངར་ལྕགས་ཨིས་ཊཱིལ་བཟོ་སྐྲུན་གྱི་དོན་ལུ་ ལག་ལེན་འཐབ་མི་ ཕེ་རོ་ སི་ལི་ཀཱོན་ཚུ་ ད་ལས་ཕར་ བང་ལ་དེཤ་རྒྱལ་ཁབ་ནང་ ཕྱིར་ཚོང་འཐབ་པའི་སྐབས་ ཁྲལ་ཡངས་ཆག་ མི་ཐོབ་ནི་ཨིན་མི་དེ་ཡང་ བང་ལ་དེཤ་དང་ འབྲུག་གཞུང་གི་བར་ན་ ཟུང་ཕྱོགས་ཚོང་འབྲེལ་གྱི་གན་རྒྱ་ནང་ འབྲུག་གིས་ ཁྲལ་མེད་ཕྱིར་ཚོང་འཐབ་མི་ཅ་ཆས་༡༨ ཡོད་པའི་ཐོ་ནང་ལས་ བཏོན་བཏང་མི་ལུ་བརྟེན་ཏེ་ཨིན་པས།


བང་ལ་དེཤི་གི་ འཐུས་ཚབ་འགོ་ཁྲིད་འབད་མི་ ཚོང་འབྲེལ་ལྷན་ཁག་གི་དྲུང་ཆེན་ ཨེམ་ཌི་ གུ་ལཱམ་ ཧོ་སིན་གྱིས་འབད་བ་ཅིན་ ཁོང་གི་ རྒྱལ་ཁབ་ནང་ཡང་ རྒྱུ་དངོས་ཚུ་ ཁྲལ་བཏབ་ཐོག་ལས་ རྒྱལ་ཁབ་གཞན་ཁ་ལས་ ནང་འདྲེན་འབད་དེ་ ཕེ་རོ་ སི་ལི་ཀཱོན་བཟོ་མི་ཡོད་ཟེར་ཨིནམ་ད་ འབྲུག་ལས་ ཕྱིར་ཚོང་གི་དོན་ལུ་ ཁྲལ་མེད་མི་དེ་ དྲང་བདེན་མེདཔ་མཐོང་མི་ལུ་བརྟེན་ཏེ་ ཐོ་ནང་ལས་ བཏོན་བཀོ་དགོཔ་ ཐོན་ཡི་ཟེར་ཨིན་པས།
ཨིན་རུང་ ཕེ་རོ་ སི་ལི་ཀཱོན་གྱི་ཚབ་ ཅ་ཆས་གཞན་མི་ཅིག་ ཐོ་ནང་བཙུག་ནི་ཨིན་ཟེར་ དྲུང་ཆེན་གྱིས་ སླབ་ཨིན་པས།
སྤྱི་ཟླ་༦ པའི་ཚེས་༡༤ ལུ་འཚོགས་མི་ བང་ལ་དེཤ་དང་ འབྲུག་གཞུང་གི་བར་ནའི་ ཚོང་འབྲེལ་དང་ བརྒྱུད་འདྲེན་གྱི་ཞལ་འཛོམས་འཚོགས་པའི་སྐབས་ འབྲུག་པའི་སྡེ་ཚན་འགོ་ཁྲིད་འབད་མི་ བསྟན་རྒྱས་ལྷན་ཁག་གི་དྲུང་ཆེན་ དྲགོས་བསོད་ནམས་ཚེ་རིང་གིས་ སྤྱི་ལོ་༢༠༠༩ ལས་འགོ་བཙུགས་ཏེ་ ད་ལྟོ་ཚུན་ ཁྲལ་མེདཔ་སྦེ་ ཕྱིར་ཚོང་འཐབ་མི་ཅ་ཆས་དེ་ ཐོ་ནང་ལས་ བཏོན་གཏང་ནི་ལུ་ ཁ་འཆམ་ཅི་ཟེར་ སླབ་ཨིན་པས།
ཐོ་དེ་ནང་ སྟོང་ཕུ་ཤིང་གི་ ཐང་ཆུ་ཚུ་ཡང་ ཚུད་དེ་ཡོདཔ་ཨིན་རུང་ ཐང་ཆུ་ཚུ་ ཕྱིར་ཚོང་མ་འཐབ་པར་ དུས་ཡུན་ལེ་ཤ་ འགོར་མི་ལུ་བརྟེན་ ཐོ་ནང་ལས་ བཏོན་བཏང་ཡོདཔ་ཨིད་པས།
ཨིན་རུང་ ད་རེས་ ཐོ་ནང་ལས་ བཏོན་བཏང་མི་ ཅ་ཆས་༢ ཀྱི་ ཚབ་བཙུག་ནིའི་དོན་ལུ་ འབྲུག་གཞུང་གིས་ བང་ལ་དེཤ་ལུ་ ཅ་ཆས་རིགས་༦ གདམ་ཁ་བྱིན་ཏེ་ཡོདཔ་ཨིན་པས།
བསྟན་རྒྱས་ལྷན་ཁག་གི་ མཉམ་འབྲེལ་དྲུང་ཆེན་ བསོད་ནམས་ པི་ དབང་འདུས་ཀྱིས་འབད་བ་ཅིན་ ད་རེས་ ཕེ་རོ་ སི་ལི་ཀཱོན་ཚུ་ རྒྱ་གར་རྒྱལ་ཁབ་ནང་ ཚོང་ལམ་ ལེགས་ཤོམ་ཡོད་རུང་ བང་ལ་དེཤ་ལུ་ཡང་ བཙོང་དགོ་མི་དེ་ ཕྱི་དངུལ་འཐོབ་ནིའི་དོན་ལུ་རྐྱངམ་གཅིག་ཨིནམ་ལས་ ད་ལས་ཕར་ བང་ལ་དེཤ་ལུ་ ཅ་ཆས་གཞན་ཚུ་ ཕྱིར་ཚོང་འཐབ་ནི་ལུ་ ཤུགས་བཏོན་དགོ་པས་ཟེར་ སླབ་ཨིན་པས།
ད་ལྟོ་ཡོད་པའི་ ཅ་ཆས་ཀྱི་རིགས་༡༨ ཡོད་མི་ཚུ་གིས་མ་རྩིས་བར་ ད་རུང་ ཧེང་སྐལ་ ཅ་ཆས་རིགས་༡༦ ཅ་ཁྲལ་མེདཔ་སྦེ་ བང་ལ་དེཤ་ལུ་ ཕྱིར་ཚོང་འཐབ་ནིའི་ གོ་སྐབས་དགོཔ་སྦེ་ འབྲུག་པའི་འགོ་དཔོན་ཚུ་གིས་ ཞུ་བ་འབད་ཡོདཔ་ད་ བསོད་ནམས་ པི་ དབང་འདུས་ཀྱིས་འབད་བ་ཅིན་ ཅ་ཆས་དེ་ཚུ་ ཕྱིར་ཚོང་འཐབ་པའི་སྐབས་ ཅ་ཁྲལ་རྐྱངམ་གཅིག་མ་གཏོགས་ གཞན་མི་ཁྲལ་ཚུ་ བཏབ་ནི་ཨིན་ཟེར་སླབ་ཅི།
ཁོ་གིས་སླབ་མིའི་ནང་ ཧེ་མ་འབད་བ་ཅིན་ ཐོ་ནང་ཚུད་མི་ ཅ་ཆས་ཀྱི་མིང་དང་ ངེས་ཚིག་ཚུ་ ཆ་མ་འདྲཝ་སྦེ་ ཡོད་པའི་དཀའ་ངལ་ཚུ་ཡང་ བསལ་ཡི་ཟེར་ཨིན་པས།
ཞལ་འཛོམས་ཀྱི་སྐབས་ལུ་ ཅ་དམ་གྱི་ ལམ་ལུགས་ཚུ་གི་སྐོར་ལས་ཡང་ གྲོས་བསྡུར་འབད་ཡོདཔ་ད་ དུས་ཅི་ ལོ་མཇུག་བསྡུ་ཁམས་ལས་ བང་ལ་དེཤ་གི་ ཅ་དམ་འགོ་དཔོན་ཚུ་གིས་ ཅ་ཆས་ཚུ་ གྲུ་ནང་མ་བཙུགས་པའི་ཧེ་མར་ དབྱེ་ཞིབ་འབད་ནིའི་ལམ་ལུགས་དེ་ ཆ་མེད་གཏང་ནི་ཨིན་རུང་ འཇམ་ཏོང་ཏོ་སྦེ་ རུལ་མི་དང་ མེདཔ་ཐལ་མི་ ཅ་ལ་ཚུ་གི་དོན་ལུ་འབད་བ་ཅིན་ ཐུབ་ཚད་ལག་ཁྱེར་ཚུ་ འཕྲོ་མཐུད་དེ་ར་ དགོཔ་ཡོད་མི་དེ་ཡང་ མི་མང་གི་ འཕྲོད་བསྟེན་གྱི་དོན་ལུ་ མནོ་བསམ་གཏང་དགོ་ནི་དེ་གིས་ ཨིན་ཟེར་ ཚོང་འབྲེལ་དྲུང་ཆེན་ ཨེམ་ཌི་ གུ་ལམ་ ཧོ་སིན་གྱིས་སླབ་ཅི།
ཞལ་འཛོམས་ཀྱི་སྐབས་ལུ་ བརྒྱུད་འདྲེན་དཔྱད་གཞི་གི་སྐོར་ལས་ཡང་ གྲོས་བསྡུར་འབད་ཡོདཔ་མ་ཚད་ དཔྱད་གཞིའི་ཟིན་བྲིས་ཀྱི་ འདྲ་ཅིག་ བང་ལ་དེཤ་ལུ་ སྤྲོད་ཡོདཔ་ཨིན་པས།
སྤྱི་ལོ་༢༠༠༠ ལུ་ ཧེ་མ་ཡོད་པའི་ བརྒྱུད་འདྲེན་གན་རྒྱ་དེ་ སྤྱི་ལོ་༢༠༠༠ ལུ་ གནས་ཡུན་གྱི་དུས་ཚོད་ རྫོགས་སོ་པའི་ཤུལ་ལུ་ བསྐྱར་ཞིབ་འབད་མ་ཚུགས་ནི་དེ་གིས་ ད་ལྟོ་ཚུན་ རྒྱལ་ཁབ་༢ ཀྱི་བར་ན་ དཔྱད་གཞི་དེ་ ལག་ལེན་འཐབ་མ་ཚུགས་པར་ ཡོད་ཟེར་ཨིན་པས།
དེ་གི་ཤུལ་ལས་ སྤྱི་ལོ་༢༠༠༨ ལུ་ གཞུང་༢ ཀྱིས་ བརྒྱུད་འདྲེན་གྱི་ གན་རྒྱ་གསརཔ་ཅིག་ བཟོ་མ་ཚུགས་ཚུན་ ཧེ་མའི་ གན་རྒྱ་དེ་ར་ ལག་ལེན་འཐབ་ནི་སྦེ་ གྲོས་ཐག་བཅད་ཡོདཔ་སྦེ་ བསོད་ནམས་ པི་ དབང་འདུས་ཀྱིས་ སླབ་ཨིན་པས།
བརྒྱུད་འདྲེན་དང་ ཚོང་འབྲེལ་གན་རྒྱ་ཚུ་ དུས་ཅི་ སྤྱི་ཟླ་༨ པའི་ བདུན་ཕྲག་དང་པ་དེ་ཅིག་ནང་ བང་ལ་དེཤ་གི་ ཚོང་འབྲེལ་བློན་པོ་ འབྲུག་ལུ་འོང་བའི་སྐབས་ མཚན་རྟགས་བཀོད་ནི་ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment