གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རེས་གཟའ་ལྷག་པ་དེ་ རྐང་འགྲུལ་པའི་ ཉིནམ་སྦེ་བརྩི་སྲུང་།

སྣུམ་འཁོར་གྱི་ དུ་པའི་གནས་ཚད་ མར་ཕབ་རྐྱབ་ནི་དང་ མི་ཚུ་གི་ གཟུགས་ཁམས་འཕྲོད་བསྟེན་ཡང་ ཚུལ་ལྡན་བཞག་ཚུགས་ནི།

༉ ད་ལས་ཕར་ རེས་གཟའ་ལྷག་པའི་ ཉིནམ་ཨ་རྟག་ར་ རྒྱལ་ཁབ་ནང་འཁོད་ཀྱི་ ས་གནས་ཐདམ་ཐད་ཁ་ལས་ཕར་དང་ དམིགས་བསལ་དུ་ རྒྱལ་ས་ལྟེ་བ་ ཐིམ་ཕུའིཁྲོམ་ཁར་ འགྲུལ་སྐྱེལ་བཱསི་དང་ གླ་འཁོར་ དེ་ལས་ གློ་བུར་གྱི་ ཞབས་ཏོག་སྒྲུབ་མི་ སྣུམ་འཁོར་ཚུ་མ་གཏོགས་ སྣུམ་འཁོར་གཞན་ཚུ་ མཐོང་གསལ་མི་འབྱུང་ནི་ཨིན་པས།


དེ་ཡང་ ཁ་ཙ་ ལྷན་རྒྱས་གཞུང་ཚོགས་ཀྱིས་ གསལ་བསྒྲགས་འབད་མི་དང་འཁྲིལཝ་ད་ འཛམ་གླིང་མཐའ་འཁོར་གནས་སྟངས་ཀྱི་ ཉིནམ་དང་འབྲེལ་ སྤྱི་ཟླ་༦ ཕའི་ཚེས་༥ ལས་ འགོ་བཙུགས་ཏེ་ རེས་གཟའ་ལྷག་པ་དེ་ ཨ་རྟག་ར་ རྒྱལ་ཁབ་ནང་འཁོད་ལུ་ རྐང་འགྲུལ་པའི་ཉིནམ་སྦེ་ བརྩི་སྲུང་འབད་ནི་ཨིནམ་ལས་ དེ་བསྒང་ མི་ཚུ་ རྐང་ཐང་སྦེ་ འགྱོ་དགོཔ་ཨིན་པས།
ཉིནམ་དེ་ནང་ རྒྱལ་ས་ལྟེ་བ་དེ་ རྐང་འགྲུལ་པའི་ ས་ཁོངས་ཅིག་ལུ་ འགྱུར་ནི་ཨིནམ་ད་ དེ་བསྒང་ འགྲུལ་སྐྱེལ་བཱསི་དང་ གླ་འཁོར་ དྲག་པོའི་སྣུམ་འཁོར་ དེ་ལས་ གློ་བུར་གྱི་ ཞབས་ཏོག་སྒྲུབ་མི་སྣུམ་འཁོར་ དཔེར་ན་ ནདཔ་སྐྱེལ་ལེན་དང་ མེ་བསད་སྣུམ་འཁོར་ཚུ་རྐྱངམ་གཅིག་ དྲོ་པའི་ཆུ་ཚོད་༨ ལས་ ཕྱི་རུའི་ཆུ་ཚོད་༦ ཚུན་ འགྲོ་འགྲུལ་འབད་བཅུག་ནི་ཨིན་པས།
དེ་འབདཝ་ད་ གླ་འཁོར་ཚུ་ ཟླཝ་༡ ནང་ཚར་རེ་ གླ་འཁོར་འགྲུལ་སྐྱོད་མེད་པའི་ཉིནམ་སྦེ་ གླ་འཁོར་ལས་ཚོགས་ཀྱིས་ གསལ་བསྒྲགས་འབད་དགོཔ་ཨིན་པས།
ཐིམ་ཕུའི་ཐད་ལུ་ ལམ་འགྲུལ་ཉེན་སྲུང་དང་ སྐྱེལ་འདྲེན་དབང་འཛིན་དང་ ཁྲིམས་སྲུང་འགག་སྡེ་གིས་ ཁྲོམ་གྱི་ཕྱི་ཁ་ལས་འོང་མི་ འགྲུལ་སྐྱེལ་སྣུམ་འཁོར་ཚུ་ བཞག་སའི་ས་གོ་དང་ མཐུན་རྐྱེན་གཞན་ཚུ་ བྱིན་ནི་ཨིན་རུང་ རྫོང་ཁག་གཞན་ཚུ་ནང་གི་ ཁྲོམ་སྡེ་ཚུ་གི་ཐད་ལུ་ རྫོང་བདག་དང་ ཁྲོམ་སྡེའི་དབང་འཛིན་ཚུ་གིས་ སྣུམ་འཁོར་བཞག་སའི་ ས་ཁོངས་ཚུ་ གྲ་སྒྲིག་འབད་དགོ་ཟེར་ གསལ་བསྒྲགས་ནང་བཀོད་ནུག།
རྒྱལ་ཡོངས་མཐའ་འཁོར་གནས་སྟངས་ལྷན་ཚོགས་ལས་ ཀརྨ་ཚེ་རིང་གིས་ སླབ་མིའི་ནང་ རེས་གཟའ་ལྷག་པ་དེ་ རྐང་འགྲུལ་པའི་ཉིནམ་སྦེ་ བརྩི་སྲུང་འབད་དགོ་པའི་ ལྷན་རྒྱས་གཞུང་ཚོགས་ཀྱི་ བཀའ་ཁྱབ་དེ་ ཁ་ཙ་དྲོ་པ་ཐོབ་ཡོདཔ་ཨིན་རུང་ སྣུམ་འཁོར་ཚུ་ བཞག་ས་དང་ འགྲོ་འགྲུལ་འབད་ཆོག་པའི་ ས་ཁོངས་གསལ་བཀོད་འབད་བའི་ ས་ཁྲ་དེ་ ད་ལྟོ་ གྲ་སྒྲིག་མ་འགྱོ་བར་ཡོདཔ་ལས་ ནངས་པ་དང་ ཡང་ཅིན་ གནང་ཚེས་དེ་ཅིག་ཁར་ གཏན་འཁེལ་འགྱོ་འོང་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཁྲོམ་སྡེའི་ནང་ སྣུམ་འཁོར་གྱི་ དུ་པ་དང་ འགྲུལ་ཐོགས་ཀྱི་ དཀའ་ངལ་མར་ཕབ་འབད་ནིའི་དོན་ལུ་ རྒྱལ་ཡོངས་མཐའ་འཁོར་གནས་སྟངས་ལྷན་ཚོགས་ཀྱིས་ ལས་འཆར་ཆ་ཚང་ཅིག་ བཟོ་ནི་ལུ་ ལཱ་འབད་བཞིན་པ་ཡོད་མིའི་ ཆ་ཤས་ཅིག་ རེས་གཟའ་ལྷག་པ་དེ་ རྐང་འགྲུལ་པའི་ཉིནམ་སྦེ་ བཟོ་ནི་དེ་ཨིན་ཟེར་ཨིན་པས།
མི་ཚུ་ རྐང་འགྲུལ་འབད་བ་ཅིན་ སྣུམ་འཁོར་ཚུ་ལས་ཐོན་མི་ དུ་པའི་གནས་ཚད་མར་ཕབ་རྐྱབ་ཚུགས་ནི་དང་ འགྲུལ་བཀག་ཐོགས་ཀྱི་ དཀའ་ངལ་ཡང་ དུམ་གྲ་ཅིག་ བསལ་ཚུགས་ནི་ཨིནམ་མ་ཚད་ མི་སྡེ་ཚུ་ལུ་ཡང་ གཟུགས་ཁམས་འཕྲོད་བསྟེན་ ཚུལ་ལྡན་སྦེ་ བཞག་ནི་ལུ་ ཕན་ཁྱད་འབྱུང་འོང་ཟེར་ ཀརྨ་ཚེ་རིང་གིས་ བཤདཔ་ཨིན་པས།
རྐང་འགྲུལ་པའི་ཉིནམ་གི་སྐབས་ སྣུམ་འཁོར་ཚུ་ འགྲོ་འགྲུལ་འབད་ཆོག་མི་ཆོག་ དེ་ལས་ སྣུམ་འཁོར་བཞག་སའི་ ས་ཁོངས་ཚུ་གི་ ས་མཚམས་ཚུ་ ཁྲིམས་སྲུང་འགག་པའི་ སྣུམ་འཁོར་ལྟ་རྟོག་སྡེ་ཚན་གྱིས་ གོ་རིམ་ཀ་དང་ཁ་ ག་ཚུན་ དབྱེ་བ་བཟོ་སྟེ་ཡོདཔ་ཨིན་པས།
ཐིམ་ཕུ་ཁྲོམ་གྱི་ ཕྱི་ཁ་ལས་འོང་མི་ འགྲུལ་སྐྱེལ་སྣུམ་འཁོར་ཚུ་གི་དོན་ལུ་ ས་ཁོངས་༤ ངོས་འཛིན་འབད་དེ་ཡོདཔ་ལས་ དེ་ཚུ་ག་ར་ ས་ཁྲ་ནང་ གསལ་བཀོད་འབད་ནི་ཨིན་པས།
དེ་ཡང་ རྟ་བབ་དང་ བདེ་ཆེན་ཆོས་གླིང་ དཀར་སྦིས་ས་ རྟ་མགོ་ཚུ་ལས་འོང་མི་ འགྲུལ་སྐྱེལ་སྣུམ་འཁོར་ཚུ་ རྒྱལ་ཡོངས་ཚོགས་ཁང་དང་ ལྷན་འཛོམས་ལྟེ་བའི་ སྣུམ་འཁོར་བཞག་སའི་ ས་ཁོངས་༢ ནང་ བཞག་ནི་ཨིནམ་ད་ འབྱུང་བཞི་ནང་དང་ པཱམ་མཚོ་ བསད་གཏན་གླིང་ལས་ འོང་མི་ཚུ་ བཀྲིས་ཆོས་རྫོང་གི་ རྒྱབ་ཁར་དང་ གཟི་ལུང་ཁ་སློབ་གྲྭའི་ཐང་ནང་བཞག་ནི་ཨིན་པས།
སི་སི་ནང་དང་ ཝང་ཆུ་ལྟག་པ་ སེམས་རྟོགས་ཁ་ བར་སྦིས་ས་ཚུ་ལས་ མགྱོགས་ལམ་བདའ་སྟེ་འོང་མི་ སྣུམ་འཁོར་ཚུ་ ལྕང་སྒྱིད་དར་ཕུག་སྟེང་ཟམ་གྱི་ སྦོ་ལོགས་ཁར་ ཊཱག་བཞག་སའི་ ས་ཁོངས་ནང་ བཞག་ནི་དང་ འོད་གསལ་སྤང་ལས་ ལུང་བསྟན་ཕུག་བརྒྱུད་དེ་འོང་མི་ སྣུམ་འཁོར་ཚུ་ དབྱངས་ཅན་ཕུག་སློབ་གྲྭའི་ སྣུམ་འཁོར་བཞག་སའི་ ས་ཁོངས་ནང་ བཞག་ནི་ཨིན་པས།
དེ་འབདཝ་ད་ བཀའ་ཁྱབ་ནང་ སྐུ་འཁོར་དང་ བློན་པོ་ཚུ་གི་ སྣུམའཁོར་ཚུ་ རེས་གཟའ་ལྷག་པ་ལུ་ འགྲོ་འགྲུལ་འབད་ཆོག་མི་ཆོག་གི་སྐོར་ལས་ ཁ་གསལ་སྦེ་ བཀོད་བཀོདཔ་མེདཔ་ཨིན་པས།
གཞུང་གི་གྲོས་ཆོད་དེ་ལུ་ ལ་ལུ་ཅིག་གིས་ ཐབས་ལམ་ལེགས་ཤོམ་ཨིནམ་སྦེ་ ངོས་ལེན་འབདཝ་ཨིན་རུང་ ལ་ལུ་ཅིག་གིས་འབད་བ་ཅིན་ མི་མང་དང་ གྲོས་བསྡུར་མ་འབདཝ་ལས་ ཕན་གནོད་ལེ་ཤ་འདུག་ཟེར་ཨིན་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

No comments:

Post a Comment