གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བུམ་ཐང་པའི་ ན་ཤི་ལི་ཤ་མུ་གིས་ གོང་ཚད་ལེགས་ཤོམ་ཐོབ་དོ་ཡོདཔ།

གོང་ཚད་ལེགས་ཤོམ་ཐོབ་མི་ ན་ཤི་ལི་ཤ་མུ།
༉ བུམ་ཐང་པའི་ཁ་ནང་ ན་ཤི་ལི་ཟེར་སླབ་མི་ ཤ་མུ་དེ་གིས་ གཡུས་མི་ཚུ་ལུ་འོང་འབབ་ལེགས་ཤོམ་བཟོ་ཚུགས་མི་ལུ་བརྟེན་ ལོ་ངོ་དག་པ་ཅིག་གི་ཧེ་མ་ལས་ ལུང་གཤོང་ནང་ ཡོངས་གྲགས་ཐལ་ཡོདཔ་ཨིན་པས།
ན་ཤི་ལི་ཤ་མུའི་བཟོ་རྣམ་དེ་ སྤྱིར་བཏང་ལུ་ བྱི་ལི་རྣམ་ཅོག་ཟེར་མི་ ཤ་མུ་བཟུམ་སྦེ་ཡོདཔ་ཨིན་རུང་ མང་ཤོས་ར་ རྩང་ཡོད་པའི་ཤིང་གི་རིགས་ཚུ་གུ་ སྐྱེས་དོ་ཡོདཔ་ད་ རིན་གོང་ཡང་ འབོར་ཆེ་ཏོག་ཏོ་སྦེ་ཐོབ་དོ་ཡོདཔ་ཨིན་པས།


ཆུ་སྨད་རྒེད་འོག་ སྤྲ་མཁར་གཡུས་ཚན་ལས་ སྐྱེས་ལོ་༢༩ ལང་མི་ བདེ་ཆེན་དབང་མོ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཤ་མུ་དེ་གིས་ གོང་ཚད་ལེགས་ཤོམ་ཐོབ་ཚུགས་མི་ལུ་བརྟེན་ བསྡུ་བསྒྱོམ་འབད་བར་སོང་ཡོད་རུང་ དུམ་གྲ་ཅིག་ལས་ ཐོབ་མ་ཚུགས་ཟེར་ཨིནམ་ད་ ལོག་ཤུལ་ལས་ཡང་ བསྡུ་བསྒྱོམ་འབད་བར་འགྱོ་ནི་གི་ འཆར་གཞི་ཡོད་ཟེར་ཨིན་པས།
གཡུས་ཚན་གྱི་ མི་རྒན་ཤོས་ཚུ་གིས་ ནོར་གྱི་བྱང་ས་ལུ་སྡོདཔ་ད་ བསྡུ་བསྒྱོམ་འབད་དེ་བཙོང་ནི་དེ་གིས་ དངུལ་གྱི་འོང་འབབ་ བཟོ་ཚུགས་པས་ཟེར་བཤད་པའི་ཁར་ ཤ་མུ་དེ་ ག་ཅི་གི་དོན་ལུ་ ལག་ལེན་འཐབ་དོ་ཡོདཔ་ཨིན་ན་ གཡུས་མི་ཚུ་ལུ་ ཤེས་རྟོགས་མེད་རུང་ ཤ་མུ་ཉོ་བར་ ཧཱ་དང་ སྤ་རོ་ དེ་ལས་ དབང་འདུས་རྫོང་ཁག་ སྲས་ཕུག་ལས་ འོང་དོ་ཡོདཔ་ཨིན་པས།
ཤ་མུ་དེ་ སྐམ་ཞིནམ་ལས་བཙོང་དགོཔ་ད་ དེ་ཡང་ ཕུད་ཏ་གང་ལུ་ མཐོ་ཤོས་ དངུལ་ཀྲམ་༢༠༠༠ དང་ དམའ་ཤོས་དངུལ་ཀྲམ་༡༨༠༠ རེ་སྦེ་ བཙོང་པའི་ཁར་ ཉོ་མི་ཚུ་གིས་ གཡུས་ཁར་འོང་མི་ལུ་བརྟེན་ བཙོང་ནིའི་དོན་ལུ་ ཕྱི་ཁར་འགྱོ་མི་དགོཔ་ཨིན་པས།
བུམ་ཐང་པའི་ཁ་ནང་འབད་བ་ཅིན་ ཕྲང་ལུ་རྩིས་ཟེར་མིའི་ རྩང་གི་ཤིང་ཚུ་གུ་ལུ་ སྐྱེས་དོ་ཡོདཔ་ད་ བསྡུ་བསྒྱོམ་འབད་ནིའི་དུས་ཚོད་ཡང་ དབྱིན་ཟླ་༧ པ་དེ་ཅིག་ལས་ འགོ་བཙུགས་དོ་ཡོདཔ་ཨིན་པས།
ཆུ་སྨད་རྒེད་འོག་ནང་འབད་བ་ཅིན་ ཁྲོ་སྨད་གཡུས་ཚན་ཚུ་གིས་ མང་སུ་བསྡུ་བསྒྱོམ་འབད་དོ་ཡོདཔ་ད་ སྐྱེས་ལོ་༥༥ ལང་མི་ ཨམ་ཆོས་སྐྱིད་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ མོ་གི་བུམོ་གཉིས་ཀྱིས་ ཉིན་མའི་ལྟོ་མཛར་འབག་སྟེ་ ཤ་མུ་བསྡུ་བསྒྱོམ་འབད་བར་འགྱོ་དོ་ཡོདཔ་ལས་ ན་ཧིང་གི་ལོ་ནང་ དངུལ་ཀྲམ་༢༠,༠༠༠ ལྷགཔ་ཅིག་ འོང་འབབ་བཟོ་ཚུགས་ཅི་ཟེར་ཨིན་པས།
ཤ་མུ་གི་གོང་ཚད་ ལེགས་ཤོམ་ཐོབ་སྟེ་འབད་རུང་ བསྡུ་བསྒྱོམ་འབད་མི་ཚུ་ལུ་ ལཱ་འཇམ་ཏོག་ཏོ་ཅིག་མེད་མི་དེ་ཡང་ ཤ་མུ་དེ་ རྩང་ཤིང་གུ་ལུ་སྐྱེས་བའི་ཁར་ སྐམ་སྟེ་བཙོང་དགོ་ནི་དེ་གིས་ ཕུད་ཏ་གང་ཐོན་ནིའི་དོན་ལུ་ ཞག་དག་པ་རེ་འགོར་དོ་ཡོདཔ་ཨིན་པས།
བསྡུ་བསྒྱོམ་འབད་མི་བུམོ་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཤ་མུ་དེ་གིས་ གོང་ཚད་ལེགས་ཤོམ་ཐོབ་སྟེ་འབད་ འཕྲལ་འཕྲལ་སྐབས་ ཉིནམ་ཅིག་ལུ་ ཤ་མུ་ དག་པ་རེ་ལས་བརྒལ་ཐོབ་མི་ཚུགས་པས་ཟེར་ཨིན་པས།
ནགས་ཚལ་འགོ་དཔོན་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཤ་མུ་དེ་ ག་ཅི་གི་དོན་ལུ་ ལག་ལེན་འཐབ་དོ་ཡོདཔ་ཨིན་ན་ ཞིབ་དཔྱད་ཚུ་ མ་འབདཝ་མ་ཚད་ མིང་ཡང་མི་ཤེས་པས་ཟེར་ཨིན་པས།
ཤ་མུ་འཐུ་མི་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཤ་མུ་དེ་ ཚོང་འབྲེལ་འཐབ་མི་ཚུ་གིས  རྒྱ་ནག་ལུ་ སྨན་བཟོ་ནི་གི་དོན་ལུ་ བཙོང་དོ་ཡོད་པའི་ལོ་རྒྱུས་གོ་རུང་ རྒྱལ་ཁབ་གཞན་ཁར་ གོང་ཚད་ག་དེ་རེ་ ཐོབ་དོ་ཡོདཔ་ཨིན་ན་ ག་གིས་ཡང་ མི་ཤེསཔ་ཨིན་པས།
ཤ་མུ་དེ་ ཆརཔ་རྐྱབ་པ་ཅིན་ སྦོམ་འགྱོ་དོ་ཡོདཔ་ད་ ཉིནམ་ཤར་བའི་སྐབས་ སྐམ་སྟེ་ཆུང་ཀུ་སྦེ་ ཤིང་གུར་སྦྱར་སྡོད་དོ་ཡོདཔ་ད་ ཉིནམ་བཞི་དེ་ཅིག་ནང་བསྡུ་བསྒྱོམ་འབད་མི་གིས་ ཕུད་ཏ་གང་དེ་ཅིག་ལས་ མི་ཐོན་དོ་ཡོདཔ་ཨིན་པས།
གཡུས་མི་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ མ་དངུལ་བཟོ་ནི་ལུ་ ཁེ་ཕན་ཡོད་རུང་ ནགས་ཚལ་ནང་འགྱོ་བའི་སྐབས་ དོམ་དང་འཕྱད་ནིའི་ ཉེན་ཁ་ཡོདཔ་ལས་ སྡེ་ཚན་བཟོ་སྟེ་ འགྱོཝ་ཨིན་ཟེར་ཨིན་པའི་གནས་ཚུལ།

བཀྲ་ཤིས་བསྟན་འཛིན།

No comments:

Post a Comment