གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བ་འཇོ་ཁྲོམ་ཁར་ མེ་རླུང་རྒྱ་རྫི་གེསི་ ལང་མ་ཚུགས་པའི་དཀའ་ངལ།

བ་འཇོ་ཁྲོམ་ཁར་ མེ་རླུང་རྒྱ་རྫི་གེསི་རླུང་བླུགས་མི་ལེན་ནིའི་དོན་ལུ་ ཡུན་རིངམོ་སྦེ་བསྒུགས་སྡོད་མི་ཚུ།
༡༨/༠༦/༢༠༡༢   ༉ དབང་འདུས་ཕྲོ་བྲང་ བ་འཇོ་ཁྲོམ་དང་ དེའི་ཉེ་འདེབས་ལུ་སྡོད་མི་ཚུ་གིས་ མེ་རླུང་གེསི་ལེན་ནིའི་དོན་ལུ་ དུས་ཡུན་ཆུ་ཚོད་ལེ་ཤ་སྒུག་སྡོད་དགོ་མི་ དེ་ཡང་ མི་མང་ཤོས་ཅིག་གིས་ དྲོ་པའི་ཆུ་ཚོད་༨ དང་ཕྱེད་དེ་ཅིག་ལས་ བ་འཇོ་ཁྲོམ་ཉེ་འདབས་ལུ་ཡོད་པའི་ འབྲུག་ས་སྣུམ་བཀྲམ་སྤེང་ཁང་གི་གདོང་ཁར་ སྒུག་སྡོད་མི་གིས་ ཕྱི་རུའི་ཆུ་ཚོད་༢ དང་༣ དེ་ཅིག་ལས་བརྒལ་ཐོབ་མི་ཚུགས་དོ་ཡོདཔ་ཨིན་པས།


དེའི་གྲས་ལས་ཅིག་ ཀྲོང་གསར་ རུ་ཁུ་སྦྱིས་ལས་ སྐྱེས་ལོ་༥༥ ལང་མི་ སྐལ་བཟང་ཨིནམ་ད་ ཁོ་གིས་ འདས་པའི་བདུན་མཐའི་ནང་ མེ་རླུང་གེསི་ལེན་ནིའི་དོན་ལུ་ དྲོ་པའི་ཆུ་ཚོད་ཕྱེད་དང་༩ དེ་ཅིག་ལས་ བསྒུགས་ཏེ་ ཕྱི་རུའི་ཆུ་ཚོད་༢ ལུ་རྐྱངམ་གཅིག་ ཐོབ་ཚུགས་ཡོདཔ་ད་ ཁོ་གིས་འབད་བ་ཅིན་ ལག་ལེན་དེ་ ད་རེས་ནངས་པ་ ལམ་ལུགས་བཟུམ་ཅིག་ལུ་གྱུར་ཡོདཔ་ལས་ འཕྲལ་འཕྲལ་སྦེ་ ཉིནམ་གཅིག་ར་སྒུག་སྡོད་པའི་ཤུལ་ལུ་ སྟོངམ་སྦེ་ལོག་འགྱོ་དགོཔ་ཡང་ཐོན་ནི་ཡོད་ཟེར་ཨིན་པས།
སྐལ་བཟང་ཁོ་ར་ ས་གནས་རུ་ཁུ་སྦྱིས་ལུ་ བཟང་ཁང་ཅིག་བཙུགས་སྡོད་མི་ཨིནམ་ལས་ ཁོང་གིས་ བདུན་ཕྲག་རེ་ལུ་ སྣུམ་འཁོར་བོ་ལི་རོ་བདའ་སྟེ་ གེསི་རྒྱ་རྫི་སྟོངམ་༥ དང་༦ དེ་རེ་འབག་སྟེ་ བ་འཇོ་ཁྲོམ་ཁར་ གེསི་རླུང་བླུགས་ནིའི་དོན་ལུ་ འོངམ་ཨིན་ཟེར་ཨིན་པས།
ཁོ་གིས་ གེསི་ལེན་པ་མ་འོང་བའི་ཧེ་མ་ བཀྲམ་སྤེལ་འབད་མི་ལུ་ འགྲུལ་འཕྲིན་བཏང་ཐོག་ལས་ དྲི་ཞིབ་འབད་བའི་སྐབས་ ལན་སླབ་མི་བཏུབ་པར་སྡོདཔ་མས་ཟེར་ཨིན་པས།
ཚོང་མགྲོན་པ་ཚུ་གིས་སླབ་མིའི་ནང་ དེ་བཟུམ་གྱི་དཀའ་ངལ་དེ བཀྲམ་སྤེལ་བ་ཚུ་གིས་ གེསི་ནམ་ལྷོད་ནི་ཨིན་ན་དང་ མཛོད་ཁང་ནང་ གེསི་ཡོད་མེད་ཀྱི་སྐོར་ལས་ བརྒྱུད་འཕྲིན་ཐོག་ལས་ དྲི་ཞིབ་འབདཝ་ད་ ཧིང་སངས་ས་སྦེ་སླབ་པ་ཅིན་ ད་ལྟོ་བཟུམ་སྦེ་ ཉིན་གྲངས་ལས་བཅད་དེ་ བསྒུགས་སྡོད་མ་དགོ་པར་ དཀའ་ངལ་ཚུ་བསལ་ཚུགས་ནི་མས་ཟེར་ཨིན་པས།
དེ་བཟུམ་སྦེ་  ཤར་ངག་དབང་ལས་ སྐྱེས་ལོ་༥༥ ལང་མི་ རྡོ་རྗེ་གིས་འབད་རུང་ བཀྲམ་སྤེལ་བ་ཚུ་ལུ་དྲི་བའི་སྐབས་ དངམ་ཅིག་ལུ་བློ་སླབ་མ་བཏུབ་པའི་ཁར་ གལ་སྲིད་ སླབ་སྟེ་འབད་རུང་ ཏན་ཏན་སྦེ་ཙ་ལས་ར་ སླབ་མི་བཏུབ་པས་ཟེར་ཨིན་པས།
འདས་པའི་བདུན་མཐའ་ནང་ མེ་རླུང་གེསི་ལེན་མི་ མི་༡༥ གིས་ རྒྱ་རྫི་སྟོངམ་༡༠༠ ལྷགཔ་ཅིག་འབག་སྟེ་ ལོག་ཅི་ལོག་ཅི་རང་ བཀྲམ་སྤེལ་ཁང་ནང་སོང་སྟེ་ གེསི་འབག་མི་སྣུམ་འཁོར་དེ་ ནམ་ལྷོད་ནི་ཨིན་ན་ཟེར་ དྲི་བའི་མཐོང་སྣང་བྱུང་པའི་ཁར་ བཀྲམ་སྤེལ་ཁང་གི་ ལས་བྱེདཔ་རེ་རེ་གིས་ ལན་སོ་སོ་སྦེ་སླབ་མི་ལུ་ མི་སེར་ཚུ་དབུགས་འགམ་དགོཔ་བྱུངམ་མས་ཟེར་ཨིན་པས།
བཀྲིས་ འབྲུག་ས་སྣུམ་བཀྲམ་སྤེལ་ཁང་གི་ འཛིན་སྐྱོང་ལས་རོགསཔ་ རྣམ་རྒྱལ་གྱིས་འབད་བ་ཅིན་  རྫོང་ཁག་ནང་ དེ་བཟུམ་གྱི་དཀའ་ངལ་དེ་ མི་རློབས་ཡར་སེང་སོང་མི་ལུ་བརྟེན་ འདས་པའི་ལོ་༢ དེ་ཅིག་ལས་ བྱུང་ཡོད་པའི་ལྷན་ཐབས་ལུ་ སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་འགོ་བཙུགས་ཞིནམ་ལས་ དཀའ་ངལ་དེ་ཡར་སེང་སྦོམ་ར་སོང་ཡི་ཟེར་ཨིན་པས།
ད་ལྟོ་ གེསི་རྒྱ་རྫི་ཡར་སེང་འབད་ནིའི་ ཐབས་བྱུས་ཚུ་ག་ནི་ཡང་མེདཔ་ལས་ གལ་སྲིད་ མེ་རླུང་གེསི་ཡར་སེང་འབད་དགོ་པ་ཅིན་ གཞུང་ལས་གནང་བ་དགོཔ་ལས་ གཞུང་ལས་གནང་བ་ཐོབ་མ་ཚུགས་པར་ དཀའ་ངལ་ཐོན་ཡོད་པའི་སྐོར་ལས་ ཁོང་གིས་གཞུང་ལུ་སྙན་ཞུ་འབད་ཡི་ཟེར་ཨིན་པས།
བཀྲིས་ཚོང་ལས་ཀྱིས་ ཟླཝ་རེ་ལུ་ མེ་རླུང་རྒྱ་རྫི་གེསི་གི་ཐོབ་ཚད་༣,༢༩༡ ལས་བརྒལ་མེདཔ་ལས་ དེ་གིས་ རྫོང་ཁག་ནང་ ཚོང་མགྲོན་པ་༨,༠༠༠ དེ་ཅིག་ལུ་ ལང་ཚུགས་པ་ལཱ་ཁག་འདུག་ཟེར་ཨིན་པས།
ཨིན་རུང་ འཕྲལ་མགྱོགས་ར་ བོ་འཇོ་ཁྲོམ་ལུ་ ད་རུང་ བཀྲམ་སྤེལ་བ་ཅིག་ གཞི་བཙུགས་འབད་ནིའི་ འཆར་གཞི་ཡོདཔ་ལས་ དེ་གིས་ དཀའ་ངལ་ ཧ་ལམ་བསལ་ཚུགས་པའི་རེ་བ་ཡོད་ཟེར་ རྣམ་རྒྱལ་གྱིས་སླབ་ཡོདཔ་ཨིན།
གེསི་སྐྱེལ་འདྲེན་འབད་མིའི་སྣུམ་འཁོར་ནམ་ལྷོད་ནི་ཨིན་ནའི་དུས་ཚོད་ ཏན་ཏན་སྦེ་སླབ་མ་ཚུགས་མི་དེ་ ཕུན་ཚོགས་གླིང་དང་ དབང་འདུས་ཀྱི་གཞུང་ལམ་དེ་ གནམ་འབྱ་ཆར་ཤུགས་ལུ་བརྟེན་ འཕྲལ་འཕྲལ་ལམ་ཆད་འགྱོ་དོ་ཡོདཔ་ལས་ ལམ་མ་ཐར་བ་ལུས་ནི་དེ་གིས་ཨིན་ཟེར་ཨིནམ་ད་ ད་ལྟོ་ བ་འཇོ་ཁྲོམ་ཁར་ ཉིནམ་༢ ཀྱི་ནང་འཁོད་ལུ་ རྒྱ་ཛི་༢༣༡ དེ་རེ་ བཀྲམ་སྤེལ་འབད་དོ་ཡོདཔ་ཨིན་པའི་གནས་ཚུལ།

དབང་འདུས་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment