གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྩོད་གཞི་༡༨ དེ་ཅིག་ རྩོད་བཤེར་གནས་རིམ་སོ་སོའི་ནང་ཡོདཔ།

རྩོད་དོན་དེ་ཚུ་གི་གྲས་ལས་༦ དེ་ཅིག་ མཐོ་གཏུགས་ནང་ཡོད་པའི་ཁར་ ཚུལ་མིན་སྤྱོད་པའི་
གཞུང་གི་མ་དངུལ་ས་ཡ་༣༦.༧༠༨ སོར་ཆུད་འབད་དགོཔ་ཡོདཔ།

༉ སྤྱི་ལོ་༢༠༡༢ ཀྱི་ཟླཝ་༣ པ་ཚུན་ཚོད་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ངན་ལྷད་དང་འབྲེལ་བའི་ རྩོད་དོན་ཁག་༢༥ ལུ་ ཞིབ་དཔྱད་འབད་བའི་བསྒང་ཡོད་པའི་ཁར་ རྩོད་གཞི་༡༨ དེ་ཅིག་ ཁྲིམས་འདུན་ཚུ་གི་ རྩོད་བཤེར་གནས་རིམ་སོ་སོའི་ནང་ཡོདཔ་ཨིན་པས།


དེ་འབདཝ་ད་ གལ་གནད་ཆེ་བའི་ རྩོད་གཞི་ཚུ་ལུ་བརྟེན་ ལ་ལུ་ཅིག་ མཚམས་འཇོག་དང་ ཡང་ཅིན་ བསྣར་འགྱངས་སྦེ་ བཞག་སྡེ་ཡོད་ཟེར་ བདུན་ཕྲག་ཧེ་མའི་ནང་ གསར་བཏོན་འབད་མི་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་༢༠༡༡ ནང་ གསལ་བཀོད་འབད་ནུག།
ད་ལྟོ་ ཞིབ་དཔྱད་འབད་བའི་བསྒང་ཡོད་མི་ རྩོད་དོན་གཙོ་བོ་ཚུ་གི་གྲས་ལས་ མོང་སྒར་རྒྱལ་པོའི་ཞིང་གི་ས་ཆ་ དབང་ཤུགས་ཅན་དང་ སྒེར་མི་སོ་སོ་ལུ་ ཚུལ་མིན་གྱི་སྒོ་ལས་ བགོ་བཀྲམ་འབད་མི་དང་ དབང་འདུས་ཕོ་བྲང་བ་འཇོ་ཁྲོམ་ས་ འདྲ་མཉམ་དང་ དྲང་བདེན་སྦེ་ བགོ་སྤྲོད་མ་འབད་བའི་ཉོགས་བཤད་ གསོ་བའི་མཁོ་སྒྲུབ་ནང་ གསུག་འབུལ་དང་ གཡོ་སྒྱུ་ལག་ལེན་གྱི་རྩོད་དོན་ དེ་ལས་ བཟོ་སྐྲུན་གྱི་ལཱ་ཚུ་ནང་ གསུག་འབུལ་དང་ དངུལ་ཐེབས་སྤྲོད་ཡོད་པའི་ རྩོད་དོན་ཚུ་ཨིན་པས།
སྤྱི་ལོ་༢༠༡༡ གི་ཟླཝ༤ པ་ལས་ སྤྱི་ལོ་༢༠༡༢ ཀྱི་ཟླཝ་༣ པ་ཚུན་ཚོད་ ངན་ལྷད་དང་འབྲེལ་བའི་ ཉོགས་བཤད་༤༥༦ ལྷོད་མི་ལས་༤༢༤ ཞིབ་དཔྱད་འབད་ནིའི་དོན་ལུ་ ཁྱད་ཚད་ལྡན་ཡོདཔ་བཞིན་དུ་ སྙན་ཞུའི་དུས་ཚོད་ནང་ ཧེ་མའི་ཞིབ་དཔྱད་ཀྱི་ འཕྲོ་མཐུད་གུ་ རྩོད་དོན་གསརཔ་༡༥ ཞིབ་དཔྱད་འབད་ནི་ འགོ་བཙུགས་ཡོད་མི་དེ་ཡང་ བཟོ་སྐྲུན་གྱི་ རྩོད་དོན་༢ དང་ ས་ཆ་དང་འབྲེལ་བའི་རྩོད་དོན་༣ མི་སྟོབས་སྐོར་ལས་༢ དེ་ལས་ མཁོ་སྒྲུབ་ཀྱི་རྩོད་དོན་༧ ཨིནམ་ད་ ལོ་བསྟར་བཞིན་དུ་ རྩོད་དོན་༡༩ དེ་རེ་ ཞིབ་དཔྱད་འབདཝ་ཨིན་ཟེར་ ངན་ལྷད་ཀྱི་ ལོ་བསྟར་སྙན་ཞུའི་ནང་བཀོད་ནུག།
ད་རེས་ནངས་པ་ ཐོག་མའི་ཁྲིམས་འདུན་ཚུ་གི་ འཁྲུན་ཆོད་ལུ་ ཁེ་རྒུད་མ་བཏུབ་པར་ རྩོད་ཟླ་དང་ རྩོད་རྩ་༢ ཆ་ར་གིས་ ཆེ་མཐོ་ཁྲིམས་འདུན་ལུ་ མཐོ་གཏུགས་ཐོག་ རྩོད་བཤེར་འབད་བའི་བསྒང་ཡོད་མི་ རྩོད་གཞི་༦ ལྷགཔ་ཅིག་ཡོད་མིའི་གྲས་ལས་ གཅིག་ ཡུན་འགྱངས་ལུས་མི་ དབང་འདུས་ཕོ་བྲང་རྫོང་ཁག་ ཕོབ་སྦྱིས་ཁའི་ གཞུང་དབང་ས་ཆ་ ཨེ་ཀར་༤.༥ ཚུལ་མིན་ཐོག་ ཉོ་བཙོང་འཐབ་མི་དེ་ཨིན་པས།
རྩོད་གཞི་དེ་ སྤྱི་ལོ་༢༠༠༧ ལུ་ དབང་འདུས་རྫོང་ཁག་ཁྲིམས་འདུན་གྱིས་ ཚུལ་མིན་ཚོང་འབྲེལ་ནང་ འབྲེལ་གཏོགས་ཡོད་མི་ཚུ་ ཉེས་གྲོལ་བཏང་པའི་ཤུལ་ལས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཆེ་མཐོ་ཁྲིམས་ཀྱི་འདུན་སར་ མཐོ་གཏུགས་འབད་ཡོད་རུང་ ཐོག་མའི་ཁྲིམས་འདུན་གྱི་ འཁྲུན་ཆོད་ལུ་ བདག་བཟུང་དང་ ཡང་ཅིན་ ཕྱིར་འབུད་བཏང་ཡི་ཟེར་བའི་ གྲོས་ཆོད་བཏོན་ནི་མེད་པར་ ལོ་ངོ་༤ ལྷག་ཡོདཔ་ད་ འབྲེལ་ཡོད་འགོ་དཔོན་ཚུ་གིས་འབད་བ་ཅིན་ ངན་ལྷད་བཀག་སྡོམ་ལྷན་ཚོགས་དང་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གི་ ཡིག་སྣོད་དེ་ ཁ་ཕྱེ་སྟེ་ར་ བཞག་ཡོད་ཟེར་ཨིན་པས།
རྩོད་དོན་གཞན་མི་དེ་ ཁྲིམས་སྲུང་འགག་སྡེའི་ བཟོ་སྐྲུན་ལཱ་ཚུ་ནང་ ཁག་འབགཔ་ཅིག་གིས་ ཡིག་ཆ་རྫུས་བཟོ་དང་ ཁག་འབག་གི་ གན་ཡིག་ལས་འགལ་བའི་ རྩོད་བཤེར་ཨིནམ་ད་ ཐོག་མའི་ཁྲིམས་འདུན་གྱིས་ སྤྱི་ལོ་༢༠༡༡ གི་ཟླཝ་༥ པའི་ནང་ འཁྲུན་ཆོད་བཏོན་ཡོད་རུང་ མཐོ་གཏུགས་འབདཝ་ལས་ ད་ལྟོ་ ཆེ་མཐོ་ཁྲིམས་ཀྱི་འདུན་སར་ཡོདཔ་ཨིན་པས།
ཤེས་རིག་ལྷན་ཁག་ ཆོས་ཚད་རྪ་གཞུང་དང་ ཁྱད་རིག་རྒྱབ་སྐྱོར་སྡེ་ཚན་གྱིས་ དཔེ་དེབ་ཚུ་གི་ མཁོ་སྒྲུབ་ནང་ གཡོ་སྒྱུ་དང་ ངན་ལྷན་ལག་ལེན་ དེ་ལས་ ཡིག་ཚང་གི་ ཚུལ་མིན་བྱ་སྤྱོད་ལས་བརྟེན་ གཞུང་ལུ་ སྐུ་གྱོང་དངུལ་ཀྲམ་ས་ཡ་༡༠.༧༦ ལྷགཔ་ཅིག་ཕོག་ཡོད་མིའི་ རྩོད་བཤེར་དེ་ སྤྱི་ལོ་༢༠༠༩ ཟླཝ་༡༢ པའི་ནང་ ཐོ་བཀོད་འབད་ཡོདཔ་བཞིན་དུ་ སྤྱི་ལོ་༢༠༡༡ ཟླཝ་༡༡ པའི་ནང་ སྤ་རོ་རྫོང་ཁག་ཁྲིམས་འདུན་གྱིས་ ཁ་ཉེས་ཕོག་མི་ མཉམ་འབྲེལ་མདོ་ཆེན་ལུ་ ཉེས་པ་མེད་པའི་ འཁྲུན་ཆོད་བཏོན་ཡོདཔ་མ་ཚད་ ཆེ་མཐོ་ཁྲིམས་འདུན་གྱིས་ཡང་ དུས་ཅི་ སྤྱི་ཟླ་༤ པའི་ནང་ ཐོག་མའི་ཁྲིམས་འདུན་གྱི་ གྲོས་ཆོད་ལུ་ གཞི་འཛིན་འབདཝ་ལས་ ད་རུང་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ གྲངས་མང་ཁྲིམས་ཁྲི་ལུ་ མཐོ་གཏུགས་འབད་དེ་ཡོདཔ་ད་ མཉམ་འབྲེལ་མདོ་ཆེན་དེ་ ད་ལྟོའི་བར་ན་ཡང་ དགོངས་ཕོག་ཐོག་ལུ་ཡོདཔ་ཨིན་པས།
རྒྱ་གར་ཀཱོལ་ཀ་ཊ་ལུ་ གསོ་བའི་འབྲེལ་འཛིན་འགོ་དཔོན་ལུ་ སྤྱི་ལོ་༢༠༡༡ ཟླཝ་༡༡ པའི་ནང་ ཐིམ་ཕུ་རྫོང་ཁག་ཁྲིམས་འདུན་གྱིས་ བཙོན་ཁྲིམས་ལོ་ངོ་༡༠ བཀལ་ཡོདཔ་མ་ཚད་ སྒེར་སྤྱོད་འབད་བའི་ མ་དངུལ་ས་ཡ་༢ ལྷགཔ་ཅིག་ གཞུང་ལུ་ སོར་ཆུད་འབད་དགོ་པའི་ ཁྲིམས་ཀྱི་བཀའ་རྒྱ་གནང་ཡོདཔ་ད་ ད་ལྟོ་ ཆེ་མཐོ་ཁྲིམས་འདུན་ལུ་ མཐོ་གཏུགས་འབད་དེ་ཡོདཔ་ཨིན་པས།
དེ་མ་ཚད་ ཆེ་མཐོ་ཁྲིམས་འདུན་ནང་ མཐོ་གཏུགས་འབད་དེ་ཡོད་མི་གཞན་ སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་དབང་འཛིན་གྱི་ འཕྲུལ་རིག་འགོ་དཔོན་ཚུ་ལུ་ གསུག་འབུལ་དང་འབྲེལ་བའི་ ཉེས་ཁྲིམས་ཕོག་ཡོད་མིའི་ རྩོད་གཞི་དེ་ཨིནམ་ད་ གཞལམ་སྒང་ཏིང་ཏི་སྦིས་ འཁོར་ལམ་ཡོངས་འབྲེལ་ལས་འགུལ་ནང་ གསུག་འབུལ་དང་འབྲེལ་བའི་ རྩོད་དོན་ཚུ་ནང་ རྫོང་ཁག་ཁྲིམས་འདུན་གྱིས་ སྤྱི་ལོ་༢༠༡༡ ཟླཝ་༡༡ པའི་ནང་ ཕྱིའི་འཕྲུལ་རིག་འགོ་དཔོན་༢ དང་ འབྲུག་མི་འཛིན་སྐྱོང་པ་༡ ལུ་ བཙོན་ཁྲིམས་ལོ་༢ ལས་༩ ཚུན་ བཀལ་མི་དེ་ཡང་ ཆེ་མཐོ་ཁྲིམས་འདུན་ལུ་ མཐོ་གཏུགས་འབད་དེ་ཡོདཔ་ཨིན་པས།
དེ་ལས་ རྩོད་གཞི་ཕྱེ་བའི་བསྒང་ཡོད་མི་ཚུ་གི་གྲས་ལས་ བཀྲིས་སྒང་རང་འབྱུང་ལག་གཡོག་སྦྱོང་བརྡར་སྤེལ་ཁང་བཟོ་སྐྲུན་དང་འབྲེལ་བའི་ལཱ་ནང་ གསུག་འབུལ་དངུལ་ཀྲམ་ས་ཡ་༡.༥ ལྷགཔ་ཅིག་དང་ དངུལ་ཐེབས་ས་ཡ་༡༣.༠༠༨ སྤྲོད་ཡོད་པའི་ རྩོད་གཞི་དེ་ རྫོང་ཁག་ཁྲིམས་འདུན་ལུ་ ཕྱེ་བའི་བསྒང་ཡོདཔ་མ་ཚད་ མོང་སྒར་རྫོང་ཁག་ནང་ ཟིམ་བཟོ་རོང་དང་ སྐྱེངས་མཁར་གྱི་ཞིང་ལམ་དང་ ཡུ་ད་རི་སློབ་གྲྭ་ཆུང་བའི་ དབུ་འཛིན་གྱི་སྡོད་ཁྱིམ བ་ལམ་གྱི་ རྒཔོ་ཡིག་ཚང་ ན་རང་དང་ དགྲ་མེད་རྩེའི་ཞིང་ལམ་ ན་རང་སྨན་ཁང་འབྲིང་མ་བཟོ་སྐྲུན་དང་ ན་རང་སྨན་ཁང་གི་ འཐུང་ཆུ་བཏོན་ནི་དང་ གྱང་རྩིག་ཚུ་རྩིས་ཏེ་ བཟོ་སྐྲུན་ལས་འགུལ་༧ ནང་ གཡོ་སྒྱུ་ལག་ལེན་དང་ ནང་གསུག་སྤྲོད་ལེན་ ཡིག་ཆ་རྫུས་བཟོ་ལ་སོགས་པའི་ ཉེས་ལས་ཚུ་ནང་ འབྲེལ་གཏོགས་ཡོད་མི་ ཞི་གཡོགཔ་དང་ ཁག་འབགཔ་ ཚོང་པ་འབདཝ་ད་ མི་གྲངས་༢༠ ལྷགཔ་ཅིག་ལུ་ རྫོང་ཁག་ཁྲིམས་འདུན་ལུ་ ཉེས་འཛུགས་འབད་དེ་ཡོདཔ་ལས་ སྙན་གསན་མགྱོགས་པ་ར་ འགོ་བཙུག་ནི་ཨིན་པས།
ཐིམ་ཕུ་རྫོང་ཁག་ནང་ གསོ་བའི་ལྷན་ཁག་གི་ རྩིས་འཛིན་པ་ཅིག་གིས་ དངུལ་ཀྲམ་ས་ཡ་༡༠ དེ་ཅིག་ ཚུལ་མིན་ཐོག་ སྒེར་སྤྱོད་འབད་བའི་སྐོར་ རྩོད་བཤེར་འབད་བའི་བསྒང་ཡོདཔ་མ་ཚད་ སྤྱི་ལོ་༢༠༠༩ ལུ་ རྒྱ་གར་གྱི་ སྨན་རིགས་བཀྲམ་སྤེལ་བ་ཅིག་གིས་ སྦྱིན་བདག་འབད་ཐོག་ལས་ ཇར་མ་ནི་དང་ རྒྱ་ནག་ལུ་ ལྟ་སྐོར་འབད་བར་སོང་མི་ ཐིམ་ཕུ་སྨན་ཁང་གི་ ཌོག་ཊར་༢ རྩིས་ཏེ་ གསོ་བའི་འགོ་དཔོན་༤ ལུ་ གསུག་འབུལ་ལེན་མི་དང་ ཡིག་ཚང་གི་ ཚུལ་མིན་བྱ་སྤྱོད་འཐབ་པའི་ ཉེས་འཛུགས་ཐོག་ བདུན་ཕྲག་ཧེ་མའི་ནང་ སྙན་གསན་འགོ་བཙུགས་ཅི།
ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ འབྲུག་གནམ་གྲུ་ལས་འཛིན་ནང་ གནམ་གཡོག་ཅིག་ ངན་ལྷད་ཐོག་ལས་ གསར་བཙུགས་འབད་མི་དེ་ ཆ་མེད་བཏང་སྟེ་ ཡུ་ཨེསི་ཌོ་ལར་༩༩༠ སོར་ཆུད་འབད་ཡོད་རུང་ གསོ་བའི་མཁོ་སྒྲུབ་མ་དངུལ་ནང་ལས་ གཡོ་སྒྱུ་ཐོག་ མ་དངུལ་སྒེར་སྤྱོད་འབད་བའི་དངུལ་ཀྲམ་ས་ཡ་༡༣.༠༢༩ དང་ གསོ་བའི་མཁོ་སྒྲུབ་ནང་ གཡོ་སྒྱུ་དང་ གསུག་འབུལ་སྤྲོད་ལེན་འབད་བའི་ མ་དངུལ་ས་ཡ་༡༩.༥༥༧ དེ་ལས་ ཏིང་ཏི་སྦིས་ འཁོར་ལམ་ཡོངས་འབྲེལ་ལས་འགུལ་ནང་ གསུག་འབུལ་སྤྲོད་ལེན་འབད་བའི་མ་དངུལ་ས་ཡ་༤.༡༢༢ སོར་ཆུད་འབད་ནིའི་དོན་ལུ་ ཁྲིམས་ཀྱི་བཀའ་རྒྱ་ལུ་ སྒུག་སྟེ་ཡོདཔ་ཨིན་པས།
ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ སྤྱི་ལོ་༢༠༡༢ ཟླཝ་༣ པ་ཚུན་ཚོད་ རྩོད་དོན་ཞིབ་དཔྱད་འབད་ཚར་མི་ལས་༣༣ བདག་སྐྱོང་དང་འབྲེལ་བའི་ ངོས་ལེན་འབད་ནིའི་དོན་ལུ་ ལས་སྡེ་སོ་སོའི་ནང་ བཏང་ཡོད་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

No comments:

Post a Comment