གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ངན་ལྷད་སྔོན་འགོག་དང་ མར་ཕབ་ཀྱི་ གོ་བརྡ་ལུ་གཙོ་རིམ།

འཐུས་མི་ཚུ་གིས་ ས་གནས་གཞུང་གི་ འགོ་ཁྲིདཔ་ཚུ་ལུ་ ལྷག་པར་དུ་ གོ་བརྡ་སྤེལ་དགོ་པའི་ གྲོས་འདེབས་བཀོད་ཡོདཔ།

༉ ད་རིས་དྲོ་པའི་ གྲོས་བསྡུར་ལས་རིམ་ནང་ རྒྱལ་ཡོངས་ཚོགས་འདུ་གིས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་གུ་ གནད་དོན་༨ དེ་ཅིག་གི་སྐོར་ལས་ འཕྲོ་མཐུད་དེ་ར་ གསུང་གྲོས་གནང་ནི་ཨིན་རུང་ དེ་ཚེ་ རེས་གཟའ་སྤེན་པ་ལུ་ གནད་དོན་ཁག་༧ དེ་ཅིག་ལུ་ མོས་མཐུན་བྱུང་མིའི་གྲས་ལས་ གཅིག་ ངན་ལྷད་སྔོན་འགོག་དང་ མར་ཕབ་ཀྱི་ གོ་བརྡ་སྤེལ་ནི་དེ་ཨིན་པས།


དེ་ཡང་ སྤྱི་ལོ་༢༠༡༡ གི་ ངན་ལྷད་སྙན་ཞུའི་ནང་ ལས་སྡེ་དང་འབྲེལ་བའི་ ཉོགས་བཤད་མཐོ་ཤོས་ར་ ས་གནས་གཞུང་གི་སྐོར་ལས་ གསལ་བཀོད་འབད་ནི་དེ་གིས་ རྒྱལ་ཡོངས་ཚོགས་འདུའི་ འཐུས་མི་ཚུ་གིས་ ངན་ལྷད་མར་ཕབ་འབད་ནིའི་དོན་ལུ་ རྒེད་འོག་གི་ འགོ་ཁྲིདཔ་ཚུ་ལུ་ ཤེས་ཡོན་དང་ གོ་བརྡའི་ལས་རིམ་ཚུ་ འཕྲོ་མཐུད་དེ་ར་ འགོ་འདྲེན་འཐབ་དགོཔ་འདུག་ཟེར་ གྲོས་འདེབས་བཀོད་ཅི།
སྤྱི་ལོ་༢༠༡༡ ཟླཝ་༤ པ་ལས་ སྤྱི་ལོ་༢༠༡༢ ཟླཝ་༣ པ་ཚུན་ཚོད་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཉོགས་བཤད་བསྡོམས་༤༥༦ ཐོབ་མི་དེ་ ལོ་ཧེ་མ་དང་ཕྱདཔ་ད་ བརྒྱ་ཆ་༢༡ ཡར་སེང་སོང་ཡོདཔ་ད་ དེ་ཚུ་གི་གྲས་ལས་ ལས་སྡེ་དང་འབྲེལ་བའི་ ཉོགས་བཤད་མང་ཤོས་ར་ ས་གནས་གཞུང་གི་ རྒྱབ་འགལ་ལུ་ ཉོགས་བཤད་༩༣ ལྷོད་མི་དེ་ སྤྱི་ལོ་༢༠༡༠ ལུ་༥༡ དང་ སྤྱི་ལོ་༢༠༠༩ ལུ་༢༥ དང་ཕྱདཔ་ད་ བརྒྱ་ཆ་༨༢ དང་༢༧༢ དེ་ཅིག་ ཡར་སེང་སོང་ནུག།
འདས་པའི་ལོ་ནང་ ས་གནས་གཞུང་གི་ ཉོགས་བཤད་བརྒྱ་ཆ་༢༠ དང་ དེ་གི་ཤུལ་ལས་ ལས་འཛིན་ཚུ་ལུ་ བརྒྱ་ཆ་༡༨ འབདཝ་ད་ ཉོགས་བཤད་༨༤ ལྷོད་མི་དེ་ སྤྱི་ལོ་༢༠༡༠ ལུ་༤༡ དང་ སྤྱི་ལོ་༢༠༠༩ ལུ་༥༣ དང་ཕྱདཔ་ད་ བརྒྱ་ཆ་༡༠༤ དང་༥༨ གི་རྩིས་ ཡང་སེང་སོང་ཡོདཔ་ད་ སྒེར་སྡེའི་ རྒྱབ་འགལ་ལུ་ ཉོགས་བཤད་བརྒྱ་ཆ་༡༤ ལྷོད་ཡོདཔ་ཨིན་པ།
དར་དཀར་ནང་རྫོང་ཁག་གི་འཐུས་མི་ བསོད་ནམས་རྒྱ་མཚོ་གིས་ ཚོགས་དམངས་ལུ་ གནས་ཚུལ་དང་འདྲཝ་སྦེ་ ཞུ་མིའི་ནང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ངན་ལྷད་དང་འབྲེལ་བའི་ གོ་བ་བརྡ་སྤྲོད་ཀྱི་ ལས་རིམ་དེ་ བུང་ཐམ་རྫོང་ཁག་གི་ རྒེད་འོག་༤ ནང་ འགོ་འདྲེན་འཐབ་དོ་བཟུམ་ རྫོང་ཁག་གཞན་ཚུ་ནང་ཡང་ འགོ་འདྲེན་འཐབ་པ་ཅིན་ རྒེད་འོག་གནས་རིམ་ནང་ ངན་ལྷད་བཀག་ནི་ལུ་ ཕན་ཁྱད་འབྱུང་ནི་མས་ཟེར་ ཞུ་མི་དེ་ལུ་ ལྡོག་ཕྱོགས་འགོ་ཁྲིདཔ་དང་ འཐུས་མི་ལེ་ཤ་ཅིག་གིས་ར་ རྒྱབ་སྐྱོར་འབད་ཡི།
ད་རུང་ ངན་ལྷད་བཀོག་སྡོམ་ལྷན་ཚོགས་ཀྱིས་ ས་གནས་གཞུང་སྐྱོང་ལས་ཁུངས་དང་ མཉམ་འབྲེལ་ཐོག་ལས་ ཕན་ཚུན་བར་འབྲེལ་གྱི་ ཞལ་འཛོམས་ཐེངས་༤ འགོ་འདྲེན་འཐབ་མི་དེ་ནང་ ཆུ་ཁ་དང་ དར་དཀར་ནང་ མགར་ས་ ཧཱ་ སྤ་རོ་ སྤུ་ན་ཁ་ བསམ་རྩེ་ རྩི་རང་ དབང་འདུས་ཕོ་བྲང་ ཐིམ་ཕུ་རྫོང་ཁག་༡༠ གྱི་ རྒཔོ་དང་ དམངས་མི་ རྒེད་འོག་བདག་སྐྱོང་འགོ་དཔོན་འབདཝ་ད་ མི་༣༢༥ གིས་ བཅའ་མར་གཏོགས་ནུག།
དེ་བསྒང་ དབང་ཚད་དང་ ཐོན་ཁུངས་ཚུ་ ས་གནས་གཞུང་ལུ་ ཕྱིར་སྤེལ་འབད་ཡོདཔ་བཞིན་དུ་ ངན་ལྷད་ཡང་ ཕྱིར་སྤེལ་འགྱོ་དོ་ཡོད་པའི་ གནས་སྟངས་དང་ དམིགས་བསལ་དུ་ ས་གནས་གཞུང་སྐྱོང་ནང་ ལྟ་རྟོག་དང་ འགན་འཁྲིའི་ལམ་ལུགས་སྒྲིང་སྒྲིང་མེད་པའི་སྐོར་ གསལ་བཤད་འབད་ཡོདཔ་ཨིན་པས།
ངན་ལྷད་ཀྱི་ སྙན་ཞུའི་ནང་ ས་གནས་གཞུང་དང་ རྫོང་ཁག་ཚུ་ནང་ མི་མང་དང་ འགོ་དཔོན་ཚུ་གི་བར་ན་ འབྲེལ་བ་འཕྲལ་འཕྲལ་འབད་ར་ འཐབ་དགོཔ་ལས་ ངན་ལྷད་འབྱུང་ནིའི་ ཉེན་ཁ་ཡང་ སྦོམ་སྦེ་ར་འདུག་ཟེར་ བཀོད་ཡོདཔ་མ་ཚད་ ས་གནས་གཞུང་ལུ་ དབང་ཚད་དང་ ཐོན་ཁུངས་ཚུ་ ཕྱིར་སྤེལ་འབད་མི་དང་གཅིག་ཁར་ ངན་ལྷད་འཐབ་ནིའི་ གོ་སྐབས་ཡང་ ཕྱིར་སྤེལ་འབད་དེ་ཡོད་ཟེར་བཀོད་ནུག།
དེ་མ་ཚད་ འཐུས་མི་ཚུ་གིས་ ངན་ལྷད་མར་ཕབ་ཀྱི་ ཐབས་ཤེས་ལུ་ ལོ་བསྟར་གྱི་ ངན་ལྷད་སྙན་ཞུའི་ནང་ ངན་ལྷད་འཐབ་མི་ཚུ་གི་ མིང་དང་སྦྲགས་ཏེ་ གསལ་བཀོད་འབད་དགོཔ་འདུག་ཟེར་ གྲོས་འཆར་བཀོད་ཡོདཔ་ད་ དེ་སྦེ་ མིང་དང་གོ་གནས་ཚུ་ སྙན་ཞུའི་ནང་ གསལ་སྟོན་འབད་བ་ཅིན་ མི་ཚུ་གིས་ ངན་ལྷད་འཐབ་ནི་ལུ་ འཚེར་སྣང་བསྐྱེད་འོང་ཟེར་ ལྡོག་ཕྱོགས་འགོ་ཁྲིདཔ་ ཚེ་རིང་སྟོབས་རྒྱས་ཀྱིས་ཞུ་ཡི།
འཐུས་མི་ལ་ལུ་ཅིག་གིས་ ངན་ལྷད་མང་ཤོས་ར་ མི་མང་མཁོ་སྒྲུབ་ནང་ བྱུང་དོ་ཡོདཔ་ལས་ མཁོ་སྒྲུབ་བཅའ་ཡིག་དེ་ དུས་མཚམས་ལུ་ བསྐྱར་ཞིབ་དང་ བསྒྱུར་བཅོས་འབད་དགོཔ་འདུག་ཟེར་ གྲོས་འཆར་བཀོད་ཡོད་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

No comments:

Post a Comment