གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཁྱད་དུ་འཕགས་པའི་ གཞིས་གཉེར་གཟེངས་ཐོན་རྟགས་མ།


མི་དབང་རྒྱལ་པོའི་སྲསམོ་ ཨ་ཞེ་འཆི་མེད་གཡང་འཛོམས་དབང་ཕྱུག་མཆོག་ གཞིས་གཉེར་གཟེངས་ཐོན་རྟགས་མ་ཐོབ་མི་ རཱ་བི་ཀ་ པར་དཱན་དང་ ར་གླིང་ངག་དབང་འབྲུག་གྲགས་དང་གཅིག་ཁར་ ལྷན་བཞུགས།

ཁ་ཙ་ འཛམ་གླིང་རང་བཞིན་གནས་སྟངས་ཀྱི་ཉིནམ་ བརྩི་སྲུང་དང་འབྲེལ་ཏེ་ ལོ་བསྟར་བྱིན་སྲོལ་ཡོད་པའི་ འཇིགས་མེད་སེངེྒ་དབང་ཕྱུག་མཐའ་འཁོར་གནས་སྟངས་ ཁྱད་དུ་འཕགས་པའི་ གཞིས་གཉེར་གཟེངས་ཐོན་རྟགས་མ་དེ་ མི་དབང་རྒྱལ་པོའི་སྲསམོ་ ཨ་ཞེ་འཆི་མེད་གཡང་འཛོམས་དབང་ཕྱུག་མཆོག་གིས་ རཱ་བི་ཀ་ པར་དཱན་དང་ ར་གླིང་ངག་དབང་འབྲུག་གྲགས་ལུ་གནང་ཡི།


གཟེངས་ཐོན་རྟགས་མ་ཐོབ་མི་ རཱ་བི་ཀ་ པར་དཱན་དེ་ རྒྱལ་གཞུང་རང་བཞིན་སྲུང་སྐྱོབ་ཚོགས་སྡེའི་ ལས་བྱེདཔ་ཅིག་ཨིནམ་ད་ མོ་གིས་ འབྲུག་གི་ སྐྱེ་ཤིང་སྣ་ཚོགས་དང་ བྱ་རིགས་སྣ་ཚོགས་ཀྱི་སྐོར་ལས་ ཞིབ་འཚོལ་འབད་ནི་ལུ་ བརྩོན་ཤུགས་བསྐྱེད་མི་ཅིག་ཨིནམ་ད་ མི་དབང་ཨ་ཞེ་མཆོག་གིས་ གཟེངས་ཐོན་རྟགས་མ་གནངམ་དང་འབྲེལ་ རཱ་བི་ཀ་ པར་དཱན་དེ་ འབྲུག་གི་ སྐྱེ་ཤིང་བརྒྱ་ཆ་༩༠ དེ་ཅིག་ ཤེས་གསལ་ཡོད་མི་ ཡོངས་གྲགས་ཅན་ཅིག་ཨིནམ་སྦེ་གསུངས་ཡི།
དེ་ལས་ གཟེངས་ཐོན་རྟགས་མ་ཐོབ་མི་ གཞན་མི་དེ་ ད་ལྟོ་ རྒྱལ་ཡོངས་ནང་པའི་གསོ་རིག་སློབ་སྦྱོང་སྤེལ་ཁང་གི་ ལས་བྱེདཔ་ཅིག་ཨིན་མི་ ར་གླིང་ངག་དབང་འབྲུག་གྲགས་ཨིནམ་ད་ ཁོ་གིས་ སྐྱེ་ཤིང་དང་ མེ་ཏོག་སྣ་ཚོགས་ཀྱི་ ཞིབ་འཚོལ་འབད་དེ་ འབྲུག་གི་ སྨན་རིགས་དང་ མེ་ཏོག་སྣ་ཚོགས་ཀྱི་པར་ ལེ་ཤ་བཏབ་ཡོད་མི་ཚུ་ འབྲུག་གི་ འགྲེམ་རྟགས་ཚུ་ནང་ ལག་ལེན་འཐབ་ཡོདཔ་ད་ ཁོ་ར་ སྐྱེ་ཤིང་ཉམས་སྲུང་ནང་ བརྩོན་ཤུགས་བསྐྱེད་མི་ཅིག་ ཨིན་ཟེར་ཨིན་པས།
གཟེངས་ཐོན་རྟགས་མ་ཐོབ་མི་༢ ཀྱིས་ མི་དབང་རྒྱལ་པོའི་སྲསམོ་ ཨ་ཞེ་འཆི་མེད་གཡང་འཛོམས་དབང་ཕྱུག་མཆོག་དང་ བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་གིས་ ཕྱག་རྟགས་གནང་ཡོད་པའི་ རྟགས་མ་དང་གཅིག་ཁར་ དངུལ་ཀྲམ་༡༠༠,༠༠༠ རེ་ཐོབ་ཡོདཔ་ཨིན་པས།
གཟེངས་ཐོན་རྟགས་མ་དེ་ མི་དབང་འབྲུག་རྒྱལ་༤ པ་མཆོག་ འཛམ་གླིང་ནང་ འབྲུག་གི་རང་བཞིན་གནས་སྟངས་ཉམས་སྲུང་དེ་ ཁྱད་འཕགས་ཅན་ཨིན་པའི་ སྲིད་ཀྱི་རིང་ལུགས་ གཞི་བཙུགས་གནང་ཡོད་པའི་ ངོས་འཛིན་རྗེས་དྲན་ལུ་ ལོ་བསྟར་བཞིན་དུ་ རང་བཞིན་གནས་སྟངས་སྲུང་སྐྱོབ་ནང་ བརྩོན་ཤུགས་བསྐྱེད་མི་ འབྲུག་མི་༢ ལུ་ གཟེངས་ཐོན་རྟགས་མ་བྱིན་ནི་ འགོ་བཙུགས་ཡོདཔ་ཨིན་པས།
རྟགས་མ་བྱིན་ནི་དེ་ཡང་ འབྲུག་གཞུང་གི་ངོ་ཚབ་ལུ་ ཨོ་རྒྱན་དབང་ཕྱུག་ཉམས་སྲུང་དང་རང་བཞིན་སློབ་སྦྱོང་ལྟེ་བ་དང་ ཨ་ཞེ་འཆི་མེད་གཡང་འཛོམས་དབང་ཕྱུག་མཆོག་གིས་ སྐྱབས་འཛིན་གནང་མི་ འབྲུག་སྐྱེ་སྣ་ཚོགས་སྡེ་གིས་ མཉམ་རུབ་ཐོག་ལས་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ལྷམ་ལེགས་བཅོས་ཚོགས་པའི་ སྡེ་ཚན་གྱིས་ཡང་ ཁ་ཙ་ ཐིམ་ཁྲོམ་ནང་འཁོད་ལས་ ལྷམ་རྙིངམ་ཚུ་ བསྡུ་བསྒྱོམ་འབད་ནིའི་ ལས་རིམ་ཐེངས་༢ པ་ འགོ་འདྲེན་འཐབ་ཡོདཔ་ད་ ལས་རིམ་ལུ་ རྒྱབ་སྐྱོར་འབད་མི་ ལས་སྡེ་ཁག་དང་ མི་མང་ཚུ་ལུ་ཡང་ ལེགས་བསྟོད་ཀྱི་རྟགས་མ་ཚུ་ ཨ་ཞེ་འཆི་མེད་གཡང་འཛོམས་དབང་ཕྱུག་མཆོག་གིས་ གནང་ཡི།
ལྷམ་ལེགས་བཅོས་ཚོགས་པ་དེ་གིས་ ན་ཧིང་ ཐིམ་ཕུ་ལུ་ ལྷམ་རྙིངམ་བསྡུ་བསྒྱོམ་གྱི་ ལས་རིམ་འགོ་འདྲེན་འཐབ་པའི་སྐབས་ ལྷམ་ཡོངས་བསྡོམས་ཆ་༢༣,༠༠༠ ཐོབ་ཡོད་མི་ལས་ ལྷམ་ཆ་༡༣,༠༠༠ དེ་ཅིག་ ལེགས་བཅོས་འབད་དེ་ འབྲུག་གི་ཤར་ནུབ་དང་ ལྷོ་མཚམས་ཀྱི་ རྫོང་ཁག་ཚུ་ནང་ གཡུས་མི་ཚུ་ལུ་ བགོ་བཀྲམ་འབད་ཡོདཔ་ཨིན་པས།
ཁ་ཙ་ ལྷམ་ཆ་༢,༠༠༠ དེ་ཅིག་ བསྡུ་བསྒྱོམ་འབད་ཚུགས་པའི་ རེ་བ་ཡོད་ཟེར་ ཨིན་པའི་གནས་ཚུལ།
བསམ་གཏན་ཡེ་ཤེས།

No comments:

Post a Comment