གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཆར་ཆུ་དཀོན་མི་ལུ་བརྟེན་ དབྱར་རྩྭ་དགུན་འབུབ་ཀྱི་ ཐོན་སྐྱེད་ལུ་གནོད་སྐྱོན།

ཨ་རྟག་འབད་བ་ཅིན་ མི་རེ་གིས་ ཉིནམ་རེ་ལུ་ འབུབ་༡༠༠ ལྷགཔ་སྦེ་ ཐོབ་དོ་ཡོདཔ་ཨིན་རུང་ དུས་ཅི་ འབུབ་ཕུད་རྡོག་༥ དང་༡༠ རེ་ཡང་ མི་ཐོབ་པས་ཟེར་ སླབ་ཨིན་པས།

༉ དུས་ཅི་ ཆར་ཆུ་མེད་མི་ལུ་བརྟེན་ རྒྱལ་ཁབ་ཀྱི་ ས་གནས་ཁག་ཚུ་ནང་ ལྕང་ལཱ་རྐྱབ་མ་ཚུགས་པའི་ དཀའ་ངལ་གྱིས་མ་ཚད་ ས་ཁ་མཐོ་སར་ སྡོད་མི་ཚུ་གི་དོན་ལུ་ འོང་འབབ་ཀྱི་ འབྱུང་ཁུངས་ངོ་མ་ཅིག་ཨིན་མི་ དབྱར་རྩྭ་དགུན་འབུབ་ཀྱི་ ཐོན་སྐྱེད་ལུ་ཡང་ གནོད་སྐྱོན་བྱུང་ཡོདཔ་ཨིན་པས།


ད་རེས་ནངས་པ་ དབྱར་རྩྭ་དགུན་འབུབ་སྐྱེས་སའི་ས་ཁོངས་ ལ་དང་ སྒང་ཏོག་ ལེ་ཤ་ཅིག་གུ་འཛེགས་ཏེ་ འབུབ་འཚོལ་མི་ སྲོས་དང་ ནཱ་རོ་ གླིང་བཞི་ ལ་ཡ་ དེ་ལས་ ལུང་ནག་ནང་གི་ མི་སེར་ཚུ་གིས་འབད་བ་ཅིན་ དུས་ཅི་ འབུབ་ཚུ་ ཧེ་མ་བཟུམ་སྦེ་མིན་འདུག་ཟེར་ སླབ་ཨིན་པས།
ཁོང་གིས་འབད་བ་ཅིན་ འབུབ་ཀྱི་ཐོན་སྐྱེད་མར་བབས་སོང་མི་དེ་ཡང་ གཙོ་བོ་ར་ དུས་ཅི་ ཁཝ་དང་ ཆརཔ་རྐྱབ་མ་བཏུབ་མི་ལུ་བརྟེན་ཏེ་ ཨིནམ་འོང་ནི་མས་ཟེར་ཨིན་པས།
སྲོས་རྒེད་འོག་ལས་ སྐྱེས་ལོ་༤༢ ལང་མི་ འཆི་མེད་དང་གཅིག་ཁར་ འགྲུལ་འཕྲིན་ཐོག་ལས་ དྲི་བཀོད་འབད་བའི་སྐབས་ ཁོ་ར་ ཆུ་ག་ལུང་ལུ་ སྒར་བཅགས་སྡོད་དེ་ ཞག་༤ ལང་སོའི་ཟེར་ཨིནམ་ད་ ཆུ་ག་ལུང་དེ་ ཁོ་རའི་གཡུས་ཁ་ལས་ ཆུ་ཚོད་༥ དེ་ཅིག་ ལམ་འགྱོ་དགོ་པའི་ ས་གནས་ཁར་ཨིན་པས།
ཁོ་གིས་ ཁ་ཙ་ཚུན་ དབྱར་རྩྭ་དགུན་འབུབ་༣༠ ལས་བརྒལ་ ཐོབ་མ་ཚུགས་ཟེར་ ཁོ་རའི་ ཨ་ཞང་དང་ བུ་༢ དང་གཅིག་ཁར་ སྒར་ནང་ཡོད་མི་ འཆི་མེད་ཀྱིས་སླབ་ཡོདཔ་ད་ ད་ལས་ཕར་ ཆརཔ་མ་རྐྱབ་པ་ཅིན་ གནས་སྟངས་དེ་ སྐྱོ་དྲག་འགྱོ་ནི་ཨིནམ་ལས་ དུས་ཅི་ ནང་དོགས་ནི་བཟུམ་ཅིག་འདུག་ཟེར་སླབ་ཅི།
ཁོ་གི་ཨ་ལུ་༤ སློབ་གྲྭ་ནང་འགྱོ་དོ་ཡོད་མི་ཚུ་ལུ་ ཨ་རྟག་ར་ དབྱར་རྩྭ་དགུན་འབུབ་ལུ་བརྟེན་ཏེ་ཐོབ་པའི་ འོང་འབབ་ཀྱིས་ ཟད་འགྲོ་བཏངམ་ཨིན་ཟེར་ཨིནམ་ད་ དཀའ་ངལ་དེ་ སྲོས་རྒེད་འོག་གི་ ཁྱིམ་གུང་པ་༢༦ ག་ར་ལུ་ བྱུང་སྟེ་ཡོད་ཟེར་ ཨ་ལུ་༥ གི་ ཨ་པ་དེ་གིས་སླབ་ཅི།
སྲོས་རྒཔོ་ དཀོན་མཆོག་རྡོ་རྗེ་གིས་འབད་བ་ཅིན་ དུས་ཅི་ དབྱར་རྩྭ་དགུན་འབུབ་ཀྱི་ ཐོན་སྐྱེད་ལེགས་ཤོམ་མེདཔ་ལས་ མི་མང་ཤོས་ཅིག་ རི་ཁ་ལས་ ལོག་གཡུས་ཁར་ འོངམ་མས་ཟེར་ཨིནམ་ད་ ཨ་རྟག་འབད་བ་ཅིན་ མི་རེ་གིས་ ཉིནམ་རེ་ལུ་ འབུབ་༡༠༠ ལྷགཔ་སྦེ་ ཐོབ་དོ་ཡོདཔ་ཨིན་རུང་ དུས་ཅི་ འབུབ་ཕུད་རྡོག་༥ དང་༡༠ རེ་ཡང་ མི་ཐོབ་པས་ཟེར་ ཨིན་པས།
ཁོ་གིས་འབད་བ་ཅིན་ ད་རེས་ཡོད་པའི་འབུབ་ཚུ་ཡང་ ཆུང་ཀུ་འབད་ནི་དེ་གིས་ སྤུས་ཚད་ལེགས་ཤོམ་མིན་འདུག་ཟེར་ཨིནམ་ད་ ད་རེས་ནངས་པ་ གནམ་སྤུབས་དོ་ཡོདཔ་ལས་ ཆརཔ་རྐྱབ་པའི་ རེ་བ་ཡོད་ཟེར་ཨིན་པས།
དེ་བཟུམ་སྦེ་ ལུང་ནག་ནང་གི་ མི་སེར་ཚུ་གིས་ཡང་ འབུབ་ཚུ་ ཐོབ་མ་ཚུགས་མི་ལུ་བརྟེན་ ལ་ལུ་ཅིག་ ལག་སྟོང་དང་ ལ་ལུ་ཅིག་གིས་ འབུབ་དུམ་གྲ་རེ་འབག་ཐོག་ལས་ ལོག་རང་སོའི་གཡུས་ཁར་ འོང་དོ་ཡོདཔ་ཨིན་པས།
ལུང་ནག་ནང་ ཐང་ཟའི་ཚོགས་པ་ པདྨ་གིས་ ཁོ་རའི་ གཡུས་ཁ་ལས་ ཉིནམ་༢ དེ་ཅིག་གི་ ས་ཁར་ཡོད་པའི་ མེ་འཐག་ཆུ་འཐག་ལུ་སོང་ཡོདཔ་ཨིན་རུང་ འབུབ་མ་ཐོབ་མི་ལུ་བརྟེན་ ཉིནམ་༡ གི་རྒྱབ་ལས་ར་ ལོག་སྟེ་ གཡུས་ཁར་འོང་ཡི་ཟེར་ཨིནམ་ད་ ཧེ་མ་འབད་བ་ཅིན་ ཉིནམ་རེ་ལུ་ འབུབ་༡༠༠ དང་༢༠༠ འི་བར་ན་ ཐོབ་ནི་ཡོད་ཟེར་ཨིན་པས།
ཁོང་གི་ དབྱར་རྩྭ་དགུན་འབུབ་ འཐུ་ནིའི་ཆོག་ཐམ་གྱི་ དུས་ཡུན་དེ་ སྤྱི་ཟླ་༦ པའི་ཚེས་༢༥ ལུ་ རྫོགས་ནི་ཨིནམ་ལས་ ཚ་གྱང་ལངམ་མས་ཟེར་ཨིན་པས།
པདྨ་གིས་འབད་བ་ཅིན་ དབྱར་རྩྭ་དགུན་འབུབ་དེ་ ལ་གོང་༣ གྱི་ མི་སེར་ཚུ་གི་དོན་ལུ་ ཕ་གཞི་བཟུམ་ཅིག་ཨིནམ་ལས་ གལ་སྲིད་ གནས་སྟངས་དེ་ བསྒྱུར་བཅོས་མ་འགྱོ་བ་ཅིན་ དུས་ཅི་ འཚོ་བའི་གནས་སྟངས་ལུ་ དཀའ་ངལ་སྦོམ་སྦེ་ར་ འབྱུང་འོང་ཟེར་ཨིན་པས།
ས་ཁ་མཐོ་སར་སྡོད་མི་ཚུ་གིས་འབད་བ་ཅིན་ གནམ་གཤིས་འགྱུར་བགྲོད་དང་ ས་ཁོངས་ཅིག་ལས་ ཚད་ལས་བརྒལ་བའི་ འབུབ་བསྡུ་བསྒྱོམ་འབད་མི་ལུ་བརྟེན་ཏེ་ཡང་ ས་གནས་ནང་ འབུབ་ཀྱི་ཐོན་སྐྱེད་ཚུ་ ལོ་བསྟར་བཞིན་དུ་ མར་འབབ་འགྱོཝ་མས་ཟེར་ ལ་ཡ་ལས་ འཇིགས་མེད་ཀྱིས་སླབ་ཨིན་པས།
སྲོས་རྒཔོ་གིས་འབད་བ་ཅིན་ དུས་ཅི་ ཆརཔ་རྐྱབ་མ་བཏུབ་མི་ལུ་བརྟེན་ དབྱར་རྩྭ་དགུན་འབུབ་རྐྱངམ་གཅིག་ལུ་མེན་པར་ རི་ཁར་ རྩྭ་ཚུ་ཡང་ ལེགས་ཤོམ་སྦེ་ སྐྱེས་མ་ཚུགསཔ་ལས་ སྒོ་ནོར་སེམས་ཅན་ཚུ་ཡང་ ཉམས་ཤོརཝ་མས་ཟེར་ ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment