༉ དགེ་ལེགས་ཕུག་ལུ་ཡོད་མི་ འབྲུག་རྒྱལ་ཡོངས་དངུལ་ཁང་གི་ ཡན་ལག་དངུལ་ཁང་ནང་ལས་ དམངས་དངུལ་ས་ཡ་༡༡.༩༥ ཚུལ་མིན་ཐོག་ སྒེར་སྤྱོད་འབད་བའི་ རྩོད་དོན་གྱི་ འཁྲུན་ཆོད་དེ་ སྤྱི་ཟླ་༦ པའི་ཚེས་༨ ལུ་ བཏོནམ་དང་གཅིག་ཁར་ གསར་སྤང་རྫོང་ཁག་ཁྲིམས་འདུན་གྱིས་ ཁྲིམས་སྲུང་འགག་སྡེ་དང་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ འབྲུག་རྒྱལ་ཡོངས་དངུལ་ཁང་གི་ འཛིན་སྐྱོང་ལུ་ འཐུས་ཤོར་དང་འབྲེལ་བའི་ ཁྲིམས་ཀྱི་བཀའ་རྒྱ་ལེ་ཤ་གནང་ནུག།
དེ་ཡང་ འབྲེལ་ཡོད་དབང་འཛིན་ཚུ་གིས་ ཁྲིམས་ཀྱི་བྱ་རིམ་དང་འཁྲིལ་ བསྟར་སྤྱོད་མ་འབད་བས་ཟེར་ འཁྲུན་ཆོད་ནང་ གསལ་བཀོད་འབད་ནུག།
ཧེ་མའི་ དགེ་ལེགས་ཕུག་ ཁྲིམས་སྲུང་འགག་སྡེའི་སྡེ་འཛིན་ ཀརྨ་ཚེ་རིང་གིས་ ཉེས་ལས་འཐབ་མི་གཙོ་ཅན་ ཡན་ལག་དངུལ་ཁང་གི་ ཉེན་ལེན་འགོ་དཔོན་ སངས་རྒྱས་རྡོ་རྗེ་དང་ དངུལ་ཁང་གི་ འགོ་དཔོན་ལས་རོགས་ མཱོན་རཱཐ་ ཨ་ཅ་རི་ཡ་གཉིས་ འཛིན་བཟུང་འབད་དེ་ ཞག་༡ དོ་དམ་འོག་ལུ་ བཞག་ཡོད་རུང་ དེ་གི་ནངས་པར་ དམངས་དངུལ་སྒེར་སྤྱོད་འབད་མི་ཡོངས་རྫོགས་ ལོག་བཙུགས་པའི་ཤུལ་ལས་ བཏང་ཡོདཔ་ཨིན་པས།
ཁྲིམས་འགལ་གྱི་ ལཱ་བྱ་འཐབ་མི་ལུ་ ཞིབ་དཔྱད་འབད་དགོཔ་སྦེ་ ཁྲིམས་སྲུང་འགག་པའི་ འགོ་དཔོན་ལུ་ སྙན་ཞུ་ལྷོད་མི་དེ་ ཁོ་ལུ་ བདེ་སྒྲིག་བཟོ་ནི་གི་ འོས་འབབ་ཡོདཔ་ཨིན་ན? ཡང་ཅིན་ དངུལ་ཁང་འཛིན་སྐྱོང་གི་ ཁ་ཐུག་ལས་ རྩོད་ཟླ་ཚུ་གི་ རྒྱབ་འགལ་ལུ་ ཉོགས་བཤད་བཀོད་མི་དེ་ ལོག་ཕྱིར་བཏོན་འབད་ཆོགཔ་ཨིན་ན་ཟེར་ འཁྲུན་ཆོད་ནང་བཀོད་ནུག།
ཉེས་རྩོད་བྱ་བའི་གནད་སྤྱོད་ཀྱི་ དོན་ཚན་༡༦༡.༣ པའི་དགོངས་དོན་ནང་ ཉེས་ལས་ཀྱི་ ཉོགས་བཤད་བཀོད་མི་ ཐོན་པ་ཅིན་ ཁྲིམས་སྲུང་འགག་པའི་ འགོ་དཔོན་གྱིས་ སྔོན་འགྲོའི་ཞིབ་དཔྱད་འབད་དགོཔ་མ་ཚད་ ཁྲིམས་སྲུང་འགག་སྡེའི་ བཅའ་ཁྲིམས་ཀྱི་ དོན་ཚན་༤༡ ག་པ་དང་འཁྲིལ་རུང་ ཉེས་ལས་ལུ་ ཞིབ་དཔྱད་འབད་ནི་དང་ ཉེས་འཛུགས་ཐོག་ ཁྲིམས་གཏུགས་འབད་ནིའི་དོན་ལུ་ ཁྲིམས་མཐུན་གྱི་ ཐབས་ལམ་ཚུ་ བཏོན་དགོ་པའི་ འགན་འཁྲི་ཡོད་རུང་ ཞིབ་དཔྱད་འབད་ནིའི་ཚབ་ལུ་ རྩོད་དོན་དེ་ ག་ཅི་སྦེ་ ཕྱིར་བཏོན་འབད་ཡོདཔ་ཨིན་ན་ཟེར་ ཁྲིམས་ཀྱིས་ དྲི་བཀོད་འབད་ནུག།
ད་རུང་ ཁྲིམས་སྲུང་འགག་པའི་ འགོ་དཔོན་དེ་གི་ བྱ་སྤྱོད་ལུ་བརྟེན་ ཁྲིམས་ཀྱི་རིང་ལུགས་ལུ་ མེས་མེད་བསྐྱུར་ཡོདཔ་མ་ཚད་ ཁྲིམས་སྲུང་འགག་པའི་གཙུག་སྡེ་དེ་ འབྱུང་ཁུངས་མེདཔ་བཟོ་ཡོད་རུང་ ཉེས་བཤེར་འབད་མི་གིས་ འགོ་དཔོན་དེ་ལུ་ ཉེས་བཤེར་མ་འབད་བས་ཟེར་ གྲོས་ཆོད་ནང་ བཀོད་ཡོདཔ་ད་ ཁྲིམས་ཡིག་ཚུ་ སྤྱི་ཚོགས་ནང་ལས་ ཆ་འཇོག་གྲུབ་ཡོདཔ་མ་གཏོགས་ ཁྲིམས་སྲུང་འགག་པའི་ འགོ་དཔོན་ཅིག་གི་ སྟབས་བདེ་ཧིང་དང་འཁྲིལ་ བསྟར་སྤྱོད་འབད་ནི་ལུ་ ཆེད་དམིགས་བསྐྱེད་དེ་ ཁྲིམས་བཟོ་བཟོཝ་མེན་ཟེར་ཨིན་པས།
བྱ་བའི་གནད་སྤྱོད་ཀྱི་ ཁྲིམས་དེབ་དང་འཁྲིལཝ་ད་ ཉེས་ཕྲ་ལས་བརྒལ་ཏེ་ ཉེས་སྤྱོད་འབད་མི་ཚུ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་མ་གཏོགས་ གཞན་ག་ལུ་ཡང་ ཉེས་བཤེར་འབད་ནི་གི་ དབང་ཚད་མེདཔ་མ་ཚད་ རྒྱལ་ཁམས་ལུ་གནོད་པའི་ ཉེས་ལས་འཐབ་མིའི་ རྩོད་དོན་དེ་ཡང་ གཞུང་གི་ལས་སྡེ་གཞན་ག་གིས་ཡང་ ཕྱིར་བཏོན་འབད་མི་ཚུགས་ཟེར་ འཁྲུན་ཆོད་ནང་བཀོད་ནུག།
སྡེ་འཛིན་བགྲེསཔ་ ཀརྨ་ཚེ་རིང་གིས་ སྤྱི་ལོ་༢༠༡༠ ཟླཝ་༡༢ པའི་ཚེས་༢༡ ལུ་ ཁྲིམས་འདུན་ལུ་ ཞུ་མིའི་ནང་ ཉེས་རྩོད་བྱ་བའི་གནད་སྤྱོད་ཀྱི་ ཁྲིམས་དེབ་དང་འཁྲིལ་ རྩོད་དོན་དེ་ལུ་ ཁྲིམས་སྲུང་འགག་པ་གིས་ ཞིབ་དཔྱད་མ་འབད་ཟེར་ཨིན་པས།
ད་རུང་ དངུལ་ཁང་གིས་ ས་གནས་ཀྱི་ཁག་འབགཔ་ ཀུན་ལེགས་དབང་འདུས་དང་ པདྨ་བསྟན་འཛིན་༢ ལུ་ ཁྲིམས་མཐུན་ཡིག་ཆ་ག་ནི་ཡང་མེད་པར་ དངུལ་ཀྲམ་ས་ཡ་༢.༥ སྐྱིན་འགྲུལ་སྤྲོད་དེ་ ཚོང་འབྲེལ་གྱི་ ཁྲིམས་ཡིག་ལོག་སྤྱོད་འབད་ཡོད་རུང་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ རྩ་ཕན་གསུམ་ཆ་ར་ལུ་ ཉེས་འཛུགས་མ་འབད་བས་ཟེར་ཨིན་པས།
དེ་མ་ཚད་ རྩོད་ཟླའི་མཉམ་རོགས་ པ་སངས་ཏ་མང་དང་ རྣམ་རྒྱལ་རྡོ་རྗེ་ ཕུན་ཚོགས་སྟོབས་རྒྱས་༣ ཡང་ དམངས་དངུལ་སྒེར་སྤྱོད་ནང་ ལྷན་གྲོགས་དང་ ཆ་རོགས་འབད་བའི་ ཉེས་པ་ཡོད་རུང་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཁོང་༣ འཛིན་བཟུང་འབད་དེ་ དོ་དམ་འོག་ལུ་ བཞག་ནི་གི་ ཐབས་ལམ་མ་བཏོན་པས་ཟེར་ འཁྲུན་ཆོད་ནང་བཀོད་ནུག།
དམངས་དངུལ་ས་ཡ་༡༡.༩༥ སྒེར་སྤྱོད་འབད་མི་ སངས་རྒྱས་རྡོ་རྗེ་དེ་ བཙོན་ཁྲིམས་ལོ་༡༡ དང་ མཱོན་རཱཐ་ ཨ་ཅ་རི་ཡ་དེ་ བཙོན་ཁྲིམས་ལོ་༥ ཕོག་ཡོདཔ་ད་ རྩོད་ཟླའི་མཉམ་རོགས་ པ་སངས་ཏ་མང་ལུ་ བཙོན་ཁྲིམས་ལོ་༤ དང་ དེ་ལས་ རྣམ་རྒྱལ་རྡོ་རྗེ་དང་ ཕུན་ཚོགས་སྟོབས་རྒྱས་༢ ལུ་ བཙོན་ཁྲིམས་ལོ་༣ དང་ཟླཝ་༦ རེ་ ཕོག་ཡོད་པའི་གནས་ཚུལ།
རིག་འཛིན་དབང་ཕྱུག།
No comments:
Post a Comment