གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྩེད་རིགས་གསརཔ་ ལེ་ཀོ་རཱོ་སི་རྩེ་ནིའི་ སྦྱང་བ་བྱིན་དོ་ཡོདཔ།

ཊཱོམ་ ཀེ་ལེ་ཊོར་གྱིས་ དཔལ་འཁྱིལ་སློབ་གྲྭའི་ སློབ་ཕྲུག་ཚུ་ལུ་ ལེ་ཀོ་རཱོ་སི་རྩེདམོ་རྩེ་ནིའི་ སྦྱང་བ་བྱིན་པའི་བསྒང་།
༉ ཁ་ཙ་ལས་ འགོ་བཙུགས་ཏེ་ ཐིམ་ཕུ་དཔལ་འཁྱིལ་སློབ་གྲྭ་ནང་སྦེ་ རྩེད་རིགས་གསརཔ་ ལེ་ཀོ་རཱོ་སི་རྩེ་ནིའི་ སྦྱང་བ་བྱིན་དོ་ཡོདཔ་ད་ རྩེད་རིགས་དེ་ རྒྱལ་ཁབ་ནང་ འགོ་དང་པ་ཨིན་པས།
རྩེད་རིགས་དེ་ ཨེ་མི་རི་ཀའི་ ནགས་ཚལ་ཚུ་ནང་ གནམ་གྲུ་བཏང་མི་ ཊཱོམ་ ཀེ་ལེ་ཊོར་གྱིས་ འགོ་འདྲེན་ཐོག་ལས་ འགོ་བཙུགས་ཡོདཔ་ད་ རྩེད་རིགས་དེ་ རྒྱ་གར་གྱི་ རྒྱལ་ཡོངས་རྩེདམོ་ ཧོ་ཀི་བཟུམ་སྦེ་ གཱོལ་བཙུགས་སའི་ པཱོསཊི་ཚུ་ཡང་ ལག་ལེན་འཐབ་ཐོག་ལས་ རྩེ་དོ་ཡོདཔ་ཨིན་པས།



དེ་ནང་ ལེ་ཀོ་རཱོ་སི་ཟེར་མི་ འཁརཝ་ཚུ་ཡང་ ལག་ལེན་འཐབ་དོ་ཡོདཔ་ད་ འཁརཝ་དེ་གི་སྤྱི་ཏོག་གུ་ ཐགཔ་གིས་ དྲྭ་མིག་ལྷ་སྟེ་འཐགས་མི་དེ་གིས་ བཱོལ་དཀརཔོ་ ཆུང་ཀུ་རེ་འབད་མི་ཚུ་ དབོག་འབག་འགྱོ་དོ་ཡོདཔ་ད་ ཆ་རོགས་གཅིག་གིས་གཅིག་ལུ་ སྤྲོད་པའི་སྐབས་ གནམ་ཁ་ལས་སྦེ་ གཡུག་བཀོ་དགོཔ་ཨིན་པས།
བཱོལ་ཚུ་ འཇམ་ཏོང་ཏོ་སྦེ་ཡོདཔ་ཨིན་རུང་ དེ་གིས་ གཟུགས་ཁར་ཕོག་པའི་སྐབས་ ན་དོ་ཡོདཔ་ལས་ བཱོལ་བཟུང་མི་ ཀི་པར་ཚུ་གིས་ ལག་ཤུབས་དང་ བྱང་ཏོག་བཀབ་ནི་ དེ་ལས་ མགུ་ཏོ་ཁར་ ཉེན་སྲུང་གི་ཞྭམོ་ཚུ་ བཙུགསཔ་ཨིན་པས།
ཁ་ཙ་ སྦྱོང་བརྡར་ལས་རིམ་ ཉིནམ་དང་པའི་སྐབས་ལུ་ ཊཱོམ་ ཀེ་ལེ་ཊར་གྱིས་ ཧེ་མ་ར་ བཱོལ་དེ་ས་ཁར་བཞག་སྟེ་ འཁརཝ་དེ་གིས་ ག་དེ་སྦེ་ དབོག་དགོཔ་ཨིན་ན་དང་ བཱོལ་གཡུག་བཀོ་ཐངས་ དེ་ལས་ རྩེད་འགྲན་གྱི་སྐབས་ གཱོལ་ག་དེ་སྦེ་ བཙུག་དགོཔ་ཨིན་ན་ཚུ་གི་སྐོར་ལས་ སློབ་སྟོན་འབད་ཡི།
དཔལ་འཁྱིལ་སློབ་གྲྭའི་ སློབ་རིམ་༩ པའི་སློབ་ཕྲུག་ བསོད་ནམས་རྟ་མགྲིན་གྱིས་ སླབ་མིའི་ནང་ རྩེད་རིགས་དེ་ ད་ལྟོ་ཚུན་ རྒྱལ་ཁབ་ནང་མེདཔ་མ་ཚད་ ད་རེས་ ཁོ་གིས་ འགོ་དང་པ་ རྩེད་ནིའི་ གོ་སྐབས་ཐོབ་མི་ལུ་བརྟེན་ སེམས་དགའ་ཡི་ཟེར་ཨིན་པས།
དེ་མ་ཚད་ བཱོལ་དེ་ ས་ཀྲག་ཀྲ་ཡོད་ནི་དེ་གིས་ གལ་སྲིད་ རིགཔ་སྒྱིམ་མ་སྡོད་པ་ཅིན་ རང་ལུ་ཕོག་ནིའི་ ཉེན་ཁ་འདུག་ཟེར་ཨིན་རུང་ སྦྱང་བ་ལེགས་ཤོམ་སྦེ་ འབད་དགོཔ་ཡོདཔ་བཞིན་དུ་ རྐང་རྩེད་ཕུཊ་བཱོལ་བཟུམ་སྦེ་ སྦྱང་བ་འབད་སའི་ རྩེད་ཐང་ཚུ་ དགོཔ་འོང་ཟེར་ཨིན་པས།
སློབ་རིམ་༩ པའི་སློབ་ཕྲུག་ ཀུན་ལེགས་ཚེ་རིང་རྡོ་རྗེ་གིས་འབད་བ་ཅིན་ ཆ་རོགས་ཚུ་གིས་ བཱོལ་ཤུགས་སྦེ་ གཡུག་བཀོ་བའི་སྐབས་ འཁརཝ་གུ་ལས་ ལོག་བུད་འགྱོ་དོ་ཡོདཔ་ལས་ བཟུང་ནི་ལུ་ དཀའ་ངལ་བྱུང་དོ་ཡོདཔ་ཨིན་རུང་ རྩེདམོ་དེ་ སྤྲོ་སྣང་ཅན་ཅིག་འབད་ནི་དེ་གིས་ ད་ལས་ཕར་ཡང་ འཕྲོ་མཐུད་དེ་ སྦྱང་བ་འབད་ནི་ཨིན་ཟེར་ཨིན་པས།
སློབ་གྲྭའི་བཀོད་ཚོགས་མདོ་ཆེན་ ཀརྨ་ཨེལ་རྡོ་རྗེ་གིས་འབད་བ་ཅིན་ ད་རེས་ནངས་པ་ སློབ་གྲྭ་ནང་ རྩེད་རིགས་ཚུ་གིས་རྩིས་པའི་ དུས་ཐེབས་ཀྱི་ལས་རིམ་ ཁག་༡༥ དེ་ཅིག་ཡོདཔ་ཨིན་རུང་ ཤུལ་ལས་ ལེགས་ཤོམ་སྦེ་ འགྱོ་བཏུབ་པ་ཅིན་ རྩེདམོ་དེ་ སློབ་གྲྭའི་ལས་རིམ་སྦེ་ འགོ་བཙུག་ནིའི་ རེ་བ་ཡོད་ཟེར་ཨིན་པས།
སློབ་གྲྭའི་དབུ་འཛིན་ ཨུ་མེཤི་ ཀུ་མཱར་གྱིས་ སླབ་མིའི་ནང་ དུས་ཅི་ ལོ་ཕྱེད་ཀྱི་ ཆོས་རྒྱུགས་ཤུལ་ལས་ རྩེད་རིགས་དེ་ སློབ་གྲྭའི་ ལས་རིམ་སྦེ་ འགོ་བཙུག་ནིའི་ འཆར་གཞི་ཡོད་ཟེར་ཨིནམ་ད་ དེ་ཡང་ ད་རེས་ ཡུ་ཨེསི་ཨེ་ལས་ འབག་འོང་མི་ རྩེད་རིགས་ཅ་ཆས་ཚུ་ འབྲུག་ལུ་ བཞག་ནི་ཨིན་མི་ལུ་བརྟེན་ཏེ་ ཨིན་ཟེར་ཨིན་པས།
ཊཱོམ་ ཀེ་ལེ་ཊར་གྱིས་འབད་བ་ཅིན་ རྩེད་རིགས་དེ་ ལོ་ངོ་༦༠༠ དེ་ཅིག་གི་ཧེ་མ་ལས་ ཨེ་མེ་རི་ཀ་ལུ་སྡོད་མི་ རྒྱ་གར་གྱི་མི་ཚུ་གིས་ འགོ་བཙུགས་ཡོདཔ་བཞིན་དུ་ དེ་གིས་ ད་རེས་ འབྲུག་དང་ ཨེ་མི་རི་ཀའི་བར་ན་ མཐུན་འབྲེལ་གྱི་ ཐབས་ལམ་ཅིག་ལུ་ འགྱུར་ཚུགས་པའི་ རེ་བ་ཡོད་ཟེར་ སླབ་ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment