གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མོང་སྒར་བཀའ་དམ་དགོན་པ་ལུ་ བཛྲ་གུ་རུ་དུང་སྒྲུབ་ འགོ་བཙུགས་ཡོདཔ།

བཛྲ་གུ་རུ་དུང་སྒྲུབ་ འགོ་བཙུགས་ཏེ་ཡོད་མི་ མོང་སྒར་བཀའ་དམ་དགོན་པ།
༢༡/༠༦/༢༠༡༢   ༉ སྤྱིར་འགྲོ་བ་རིགས་དྲུག་གི་སེམས་ཅན་ཐམས་ཅད་ ཁམས་གསུམ་འཁོར་བའི་སྡུག་བསྔལ་ལས་གྲོལ་ཏེ་ རྫོགས་པའི་སངས་རྒྱས་ཀྱི་ གོ་འཕང་རིན་པོ་ཆེ་ འཐོབ་ནིའི་དོན་ལུ་དང་ ལྷག་པར་དུ་ འབྲུག་རྒྱལ་ཁབ་འདི་ནང་ འབྱུང་བ་བཞིའི་རྐྱེན་ངན་ཚུ་ཞི་སྟེ་ ཆར་ཆུ་དུས་སུ་འབབ་ ལོ་ཕྱུགས་རྟག་ཏུ་ལེགས་ནིའི་དོན་ལུ་ མོང་སྒར་བཀའ་དམ་དགོན་པ་ལུ་ ལོ་བསྟར་གནང་སྲོལ་ཡོད་པའི་ བཛྲ་གུ་རུ་དུང་སྒྲུབ་དེ་ ཁ་ཙ་ལས་ འགོ་བཙུགས་ཡོདཔ་ཨིན་པས།


བཛྲ་གུ་རུ་དུང་སྒྲུབ་དེ་ཡང་ བཀའ་དམ་དགོན་པའི་བླམ་ ཀརྨ་དབང་འདུས་ཀྱིས་ དབུ་བཞུགས་ཐོག་ལས་ མཚམས་པ་དང་ སྒོམ་ཆེན་ དེ་ལས་ བཛྲ་གུ་རུ་བསག་མི་ དད་ཅན་མི་སེར་༨༠ དེ་ཅིག་གིས་ བསག་གནང་པའི་བསྒང་ཡོདཔ་ཨིན་རུང་ འདས་པའི་ལོ་ཚུ་དང་ཕྱདཔ་ད་ དུས་ཅི་ དུང་སྒྲུབ་བསག་མི་ ཉུང་སུ་ཅིག་ལས་བརྒལ་ མེད་མི་ལུ་བརྟེན་ ཟླཝ་༡ ནང་ ག་དེ་སྦེ་ དུང་སྒྲུབ་བཏོན་ཚུགས་ག་ཟེར་བའི་ ཚ་གྱང་དོ་ཡོདཔ་ཨིན་པས།
དེ་ཡང་ བཀའ་དམ་དགོན་པའི་དྲུང་ཆེན་ བསྟན་འཛིན་རྡོ་རྗེ་གིས་ ཀུན་གསལ་ལུ་སླབ་མིའི་ནང་ ཨ་རྟག་འབད་བ་ཅིན་ བཛྲ་གུ་རུ་དུང་སྒྲུབ་ཀྱི་སྐབས་ལུ་ དད་ཅན་བརྒྱ་ལས་བཅད་དེ་ འཛོམས་དོ་ཡོདཔ་ཨིན་་རུང་ དུས་ཅི་ ཉུང་སུ་ཅིག་ལས་བརྒལ་ མིན་འདུག་ཟེར་ཨིནམ་ད་ ཨིན་རུང་ ཉེ་འདབས་ཀྱི་ སློབ་ཕྲུག་ཚུ་ ལོ་ཕྱེད་ཀྱི་ངལ་གསོ་རན་དོ་ཡོདཔ་ལས་ བཛྲ་གུ་རུ་བསག་པ་ འོང་བའི་རེ་བ་ཡོད་ཟེར་ཨིན་པས།
བཛྲ་གུ་རུ་དུང་སྒྲུབ་དེ་ཡང་ ལོ་བསྟར་བཞིན་དུ་ རང་ཟླ་༥ པའི་ཚེས་༡ ལས་འགོ་བཙུགས་ཏེ་ རང་ཟླ་༦ པའི་ཚེས་༤ ལུ་ ཚོགས་འཁོར་བསྐོར་ཐོག་ལས་ འགྲོལ་གནང་དོ་ཡོདཔ་ད་ ལོ་བསྟར་གནང་སྲོལ་ཡོད་མི་ བཛྲ་གུ་རུ་དུང་སྒྲུབ་དེ་ ཧེ་མ་འབད་བ་ཅིན་ དུང་སྒྲུབ་བསག་ནི་མེད་ཟེར་ཨིནམ་ད་ དེ་ཡང་ ཉིན་གྲངས་༡༠ གྱི་རིང་ བསག་ནི་ཡོད་རུང་ འདས་པའི་ལོ་༤ དེ་ཅིག་ལས་ བཛྲ་གུ་རུ་དུང་སྒྲུབ་ཀྱི་ སྦྱིན་བདག་ཐོན་ཐོག་ལས་ མ་དངུལ་ཡང་ བཟོ་ཚུགས་མི་ལུ་བརྟེན་ དུས་ཅི་གི་དུང་སྒྲུབ་དེ་ ཐེངས་༤ པ་ཨིན་ཟེར་ དྲུང་ཆེན་གིས་ སླབ་ཨིན་པས།
ཁོ་གིས་སླབ་མིའི་ནང་ བཛྲ་གུ་རུ་དུང་སྒྲུབ་བསག་དགོ་པའི་ དམིགས་ཡུལ་དེ་ཡང་ སྤྱིར་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ འཛིན་སྐྱོང་སྤེལ་གསུམ་དང་ ལྷག་པར་དུ་ འབྲུག་རྒྱལ་ཁབ་ནང་ ནད་མུག་འཁྲུག་རྩོད་ཚུ་ཞི་སྟེ་ དགའ་སྐྱིད་ཀྱི་དཔལ་ལུ་ ལོངས་སྤྱོད་ཐབས་དང་ མཐར་ཐུག་སངས་རྒྱས་ཀྱི་ གོ་འཕང་རིན་པོ་ཆེ་འཐོབ་ནིའི་དོན་ལུ་དང་ རྒྱལ་ཁབ་ནང་ འབྱུང་བཞིའི་རྐྱེན་ངན་ཚུ་བཟློག་དགོ་པ་ཅིན་ སངས་རྒྱས་༢ པ་ ཨྱོན་གུ་རུ་རིན་པོ་ཆེ་ལུ་ ཡིད་གཉིས་ཐེ་ཚོམ་མེད་པར་ གསོལཝ་བཏབ་དགོཔ་ལས་བརྟེན་ཨིན་ཟེར་ཨིན་པས།
དད་ཅན་ཚུ་གིས་འབད་རུང་ རང་སོའི་ ཚོགས་བསག་སྒྲིབ་སྦྱང་གི་དོན་ལུ་ རང་གི་འབྱོར་པ་དང་བསྟུན་ ཞལ་འདེབས་གནང་ནི་དང་ གསོལ་ཇ་འདྲང་ནི་ དེ་ལས་ གསོལ་ཚོགས་འདྲང་ནིའི་ ཐུགས་འདོད་ཡོད་མི་ཚུ་གིས་ཡང་ གོ་སྐབས་ལེན་དོ་ཡོདཔ་ལས་ དུས་ཅི་ཡང་ འབྱོན་གནང་བའི་རེ་བ་ཡོད་ཟེར་ མཚམས་པ་དང་ འགོ་འདྲེན་པ་ཚུ་གིས་ བཤདཔ་ཨིན་པས།
ཁ་ཙ་ལས་ འགོ་བཙུགས་མི་ བཛྲ་གུ་རུ་དུང་སྒྲུབ་དེ་ རང་ཟླ་༦ པའི་ཚེས་༤ ལུ་ ཚོགས་འཁོར་བསྐོར་ཏེ་ འགྲོལ་གནང་ནི་ཨིན་པའི་གནས་ཚུལ།

མོང་སྒར་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment