བྱ་ངན་ནང་ འབྲེལ་གཏོགས་འབད་མི་ སློབ་ཕྲུག་༤ གིས་ བཀོད་ཚོགས་ཆོས་རྒྱུགས་ཀྱི་ དྲི་ཤོག་ཚུ་ ཨར་བརྐུ་ནི་གི་ དཔའ་བཅམ་ཡོདཔ་མ་ཚད་ སྲུང་རྒྱབ་ལུ་ བརྡུང་རྫོབ་འབད་ཡོདཔ་ཨིན་པས།
ཁྲིམས་ཁང་གི་ འགོ་དཔོན་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ སྐྱེས་ལོ་༡༧ ལང་མི་ དཔལ་ལྡན་ཕུན་ཚོགས་ཀྱིས་ ཨར་རྐུན་དང་ བརྡུང་རྫོབ་འབད་མི་ལུ་བརྟེན་ ཁོ་ལུ་ བཙོན་ཁྲིམས་ལོ་༥ བཀལ་ཡི་ཟེར་ཨིན་པས།
ཁོ་ལུ་ དབྱེ་རིམ་༣ པའི་ ཉེས་ཆེན་བཀལ་ཡོདཔ་ད་ དེ་ཡང་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་ཀྱི་ དོན་ཚན་༢༣༦ པའི་ ཁ་པ་དང་འཁྲིལཝ་ད་ ག་དེམ་ཅིག་སྦེ་ རྩོད་ཟླ་དེ་གིས་ ཤེས་བཞིན་མཐོང་བཞིན་དུ་ ཉེས་པ་འབད་བ་གིས་མ་ཚད་ མི་གཞན་གྱི་གཟུགས་ཁར་ གནོདཔ་བཀལ་བ་ཅིན་ དབྱེ་རིམ་༣ པའི་ཉེས་ཆེན་ འབག་དགོ་ཟེར་ཨིན་པས།
ཨིན་རུང་ བུཚ་དེ་ ལོ་ན་མ་སྨིན་པ་ཨིནམ་ལས་བརྟེན་ ཉེས་ཁྲིམས་ དེའི་ཕྱེད་ཀ་རྐྱངམ་གཅིག་བཀལ་ཡོདཔ་ད་ ཁོ་ རྩི་མ་གཤམ་ལུ་ ན་གཞོན་བསྐྱར་གསོ་ལྟེ་བའི་ནང་ གཏང་ནི་ཨིན་ཟེར་ ཁྲིམས་ཁང་གི་ འགོ་དཔོན་གྱིས་བཤདཔ་ཨིན་པས།
སྐྱེས་ལོ་༢༡ ལང་མི་ ཀུན་ལེགས་ཚེ་རིང་གིས་ དཔལ་ལྡན་ཕུན་ཚོགས་བཟུམ་སྦེ་ ཨར་རྐུན་དང་ བརྡུང་རྫོབ་འབད་མི་ལུ་བརྟེན་ བཙོན་ཁྲིམས་ལོ་༥ བཀལ་ཡོདཔ་ཨིན་པས།
སྐྱེས་ལོ་༡༩ ལང་མི་ སངས་རྒྱས་དབང་འདུས་ལུ་ ཨར་རྐུན་འབད་བའི་སྐབས ཆ་རོགས་འབད་ནི་དེ་གིས་ བཙོན་ཁྲིམས་ལོ་༣ བཀལ་ཡོདཔ་ད་ བརྡུང་རྫོབ་འབད་མི་ལུ་ བཙོན་ཁྲིམས་ལོ་༡ འབདཝ་ད་ བསྡོམས་ལོ་༤ བཀལ་ཡོདཔ་ཨིན་པས།
ཁྲིམས་ཁང་གི་ འགོ་དཔོན་ཚུ་གིས་འབད་བ་ཅིན་ མ་གཞི་ སངས་རྒྱས་དབང་འདུས་ཀྱིས་ དྲི་ཤོག་ཨར་རྐུན་འབད་ནིའི་དོན་ལུ་ ཆ་རོགས་ཚུ་དང་གཅིག་ཁར་ ནང་ན་མ་འཛུལ་ཏེ་འབད་རུང་ ཁོ་གིས་ ཕྱི་ཁར་སྒུག་སྡོད་མི་ལུ་བརྟེན་ སྲུང་རྒྱབ་བརྡུང་རྫོབ་འབད་མིའི་ནང་ འབྲེལ་གཏོགས་འོང་ནི་མས་ཟེར་ཨིན་པས།
སྐྱེས་ལོ་༡༩ ལང་མི་ འཕྲིན་ལས་རྒྱལ་མཚན་ཡང་ སངས་རྒྱས་དབང་འདུས་དང་གཅིག་ཁར་ ཕྱི་ཁར་སྒུག་སྡོད་ཡོདཔ་ལས་བརྟེན་ ཁོ་ལུ་ བཙོན་ཁྲིམས་ལོ་༣ བཀལ་ཡོདཔ་ཨིན་པས།
འཁྲུན་ཆོད་དེ་ ཁ་ཉིནམ་ བཏོན་ཡོདཔ་ད་ སློབ་ཕྲུག་༤ པོ་ཆ་ར་ ཁྲིམས་འཐུས་བཏབ་མ་ཆོདཔ་ལས་ ད་ལྟོ་ ཁྲིམས་སྲུང་འགག་པའི་ དོ་དམ་འོག་ལུ་ཡོདཔ་ཨིན་པས།
སློབ་གྲྭའི་སྲུང་རྒྱབ་དེ་ལུ་ རྒུད་འཐུས་དངུལ་ཀྲམ་༢༧༢,༠༠༠ བྱིན་ཡོདཔ་ཨིན་པས།
སྲུང་རྒྱབ་དེ་ དབང་པོ་ལུ་ སྐྱོན་རྐྱབ་ཡོདཔ་ལས་ བརྡུང་རྫོབ་འབད་མི་ སློབ་ཕྲུག་༣ གྱིས་ ཉིན་གྲངས་༡༠ གྱི་ནང་འཁོད་ལུ་ ཉིནམ་རེ་གི་ གླ་ཆ་རྩིས་རྐྱབ་སྟེ་ ལོ་༧ གྱི་ གླ་ཆ་བཏབ་དགོ་ཟེར་ ཁྲིམས་ཁང་གི་ འགོ་དཔོན་ཅིག་གིས་ བཤདཔ་ཨིན་པས།
ཁོང་སློབ་ཕྲུག་༤ གིས་ ཆེ་མཐོའི་ཁྲིམས་འདུན་ལུ་ མཐོ་གཏུགས་འབད་ནིའི་དོན་ལུ་ ཉིན་གྲངས་༡༠ ཡོདཔ་ཨིན་པའི་གནས་ཚུལ།
ཡེ་ཤེས་སྒྲོལ་མ།
No comments:
Post a Comment