གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ནང་འཁོད་གློག་མེའི་ དགོས་མཁོ་ཡར་སེང་ལུ་བརྟེན་ ཕྱིར་བཙོང་མར་བབས།



སྤྱི་ལོ་༢༠༡༡ གི་ འོང་འབབ་ཡང་ སྤྱི་ལོ་༢༠༡༠ དང་ཕྱདཔ་ད་ བརྒྱ་ཆ་༡༠.༦༦ མར་བབས་སོང་ཡོདཔ་ཨིན་པས།


༉ འབྲུག་གློག་མེ་ལས་འཛིན་གྱི་ སྤྱི་ལོ་༢༠༡༡ ལོའི་སྙན་ཞུ་དང་འཁྲིལཝ་ད་ ནང་འཁོད་གློག་མེའི་ མཁོ་འདོད་དེ་ རྒྱ་ཆེ་དྲགས་སྦེ་ར་ ཡར་སེང་སོང་མི་ལུ་བརྟེན་ གློག་མེ་ཕྱིར་བཙོང་དེ་ སྤྱི་ལོ་༢༠༡༠ དང་ཕྱདཔ་ད་ མར་བབས་སོང་ནུག།


དེ་ཡང་ སྤྱི་ལོ་༢༠༡༠ ལུ་ གློག་མེ་ལས་འཛིན་ འབྲུག་སླར་འབྱུང་གློག་མེ་ལས་འཛིན་གྱིས་ རྒྱ་གར་ལུ་ གློག་མེ་བཙོང་ནིའི་དོན་ལུ་ གློག་ཤུགས་ཡུ་ནིཊ་ས་ཡ་༥,༥༧༩.༤༧༢ ཐོན་སྐྱེད་འབད་ཡོད་རུང་ སྤྱི་ལོ་༢༠༡༡ ལུ་ གློག་ཤུགས་ཡུ་ནིཊ་ས་ཡ་༥,༢༧༣.༡༠༠ མ་གཏོགས་ ཕྱིར་བཙོང་འཐབ་མ་ཚུགསཔ་ལས་ གློག་མེ་ཕྱིར་བཙོང་ནང་ མར་བབས་སོང་མི་དེ་ ནང་འཁོད་གློག་མེའི་དགོས་མཁོ་ཡར་སེང་སོང་མི་ལུ་བརྟེན་ཨིན་ཟེར་ ལོ་བསྟར་སྙན་ཞུའི་ནང་བཀོད་ནུག།
ནང་འཁོད་གློག་མེ་ལག་ལེན་གྱི་ ཚོང་མགྲོན་པ་ཡོངས་བསྡོམས་༡༡༦,༣༥༤ ལྷགཔ་ཅིག་ཡོད་མིའི་གུ་ ན་ཧིང་ གྲོང་གསེབ་གློག་མེ་བཀྲམ་སྤེལ་ལས་འགུལ་གྱིས་སྦེ་ ད་རུང་ ཚོང་མགྲོན་པ་གསརཔ་༡༥,༢༠༡ ཐོན་ཡོདཔ་ད་ ནང་འཁོད་གློག་མེ་སྤྱོད་མི་ཚུ་གི་དོན་ལུ་ འབྲུག་སླར་འབྱུང་གློག་མེ་ལས་འཛིན་ལས་ གློག་ཤུགས་ཡུ་ནིཊ་ས་ཡ་༡,༦༨༩.༢༢ ལེན་ཡོདཔ་མ་ཚད་ གློག་མེ་ལས་འཛིན་གྱི་ གློག་འཕྲུལ་ཨམ་ཆུང་བ་ཚུ་ལས་ གློག་ཤུགས་ཡུ་ནིཊ་ས་ཡ་༢༡.༢༩༦ ཐོན་སྐྱེད་འབད་དེ་ ནང་འཁོད་གློག་མེ་ལག་ལེན་པ་ཚུ་ལུ་ གློག་ཤུགས་ཡུ་ནིཊ་ས་ཡ་༡,༦༡༩.༩༤༥ བཙོང་མི་དེ་ སྤྱི་ལོ་༢༠༡༠ དང་ཕྱདཔ་ད་ བརྒྱ་ཆ་༣.༦ གིས་ ཡར་སེང་སོང་ནུག་ཟེར་ཨིན་པས།
འོང་འབབ་ཀྱི་ རྩིས་ཁྲའི་སྙན་ཞུ་དང་འཁྲིལཝ་ད་ ལས་འཛིན་གྱིས་ ན་ཧིང་ ཁྲལ་མ་བཏབ་པའི་ཧེ་མར་ ཁེ་སང་དངུལ་ཀྲམ་ས་ཡ་༡,༢༠༩.༠༡༣ བཟོ་ཡོད་མི་དེ་ སྤྱི་ལོ་༢༠༡༠ ལུ་ འོང་འབབ་དངུལ་ཀྲམ་ས་ཡ་༡,༣༥༣.༡༩༦ བཟོ་མི་དང་ཕྱདཔ་ད་ འོང་འབབ་བརྒྱ་ཆ་༡༠.༦༦ དེ་ཅིག་ མར་བབས་སོང་ནུག།
དེ་ཡང་ ལོ་དེ་ནང་ རྒྱུན་སྐྱོང་ཟད་འགྲོ་ཡར་སེང་སོང་ནི་དེ་གིས་ཨིནམ་ད་ སྤྱི་ལོ་༢༠༡༠ ལུ་ མ་དངུལ་ས་ཡ་༡༥༦༩.༠༠༡ ཟད་འགྲོ་བཏང་ཡོད་རུང་ ན་ཧིང་ དངུལ་ཀྲམ་ས་ཡ་༡༧༩༨.༥༨༣ ཟད་འགྲོ་བཏང་ཡོདཔ་ལས་ བརྒྱ་ཆ་༡༤.༦༣ ཡར་སེང་སོང་ཡོདཔ་ཨིན་པས།
ཟད་འགྲོ་ཡར་སེང་སོང་མི་དེ་ འདས་པའི་ལོ་ནང་ ལས་འཛིན་གྱི་ ལས་བྱེདཔ་ཚུ་གི་དོན་ལུ་ སྤྱི་ལོ་༢༠༡༠ གི་དང་ཕྱདཔ་ད་ ཟད་འགྲོ་བརྒྱ་ཆ་༡༤.༣༥ ཡར་སེང་སོང་ཡོདཔ་མ་ཚད་ ལག་ལེན་དང་ རྒྱུན་སྐྱོང་གི་དོན་ལུ་ ཟད་འགྲོ་བརྒྱ་ཆ་༧.༦༧༥ དང་ འཛིན་སྐྱོང་གི་དོན་ལུ་ བརྒྱ་ཆ་༡༧.༣༢ ཡར་སེང་སོང་ཡོད་ནི་དེ་གིས་ཨིན་ཟེར་ སྙན་ཞུའི་ནང་བཀོད་ནུག།
ལས་འཛིན་གྱིས་ འབབ་ཁུངས་ཀྱི་ཁྲལ་ཡང་ སྤྱི་ལོ་༢༠༡༠ ལུ་ མ་དངུལ་ས་ཡ་༣༥༤.༧༧༦ བཏབ་ཡོད་མི་དང་ཕྱདཔ་ད་ དུམ་གྲ་ཅིག་ མར་བབས་ཐོག་ སྤྱི་ལོ་༢༠༡༡ ལུ་ འབབ་ཁུངས་ཀྱི་ཁྲལ་ དངུལ་ཀྲམ་ས་ཡ་༣༡༡.༢༨༣ བཏབ་ཡོད་པའི་གནས་ཚུལ།

བསམ་གཏན་ཡེ་ཤེས།

No comments:

Post a Comment