གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ས་གནས་གཞུང་གི་ ཐོབ་ཁུངས་དཔྱད་ཡིག་དགོ་པའི་སྐོར་ལས་ གྲོས་བསྡུར།

༉ ས་གནས་གཞུང་གི་དོན་ལུ་ རྒྱལ་ཡོངས་ཚོགས་སྡེ་གིས་ ཚོགས་ཐེངས་༥ པའི་ནང་ལས་ར་ ཐོབ་ཁུངས་དཔྱད་ཡིག་དགོ་པའི་སྐོར་ གཞུང་ལུ་ཞུ་བ་འབད་ཡོད་རུང་ ད་ལྟོ་ཡང་ དཔྱད་ཡིག་ཟིན་བྲིས་གྲོས་བསྟུན་གྱི་དོན་ལུ་ ཚོགས་ཁང་ནང་ བཙུག་ནི་མེདཔ་ལས་ རྒྱལ་ཡོངས་ཚོགས་སྡེ་གིས་ དཔྱད་ཡིག་དེ་ ཤུལ་མའི་ཚོགས་ཐེངས་ ཡང་ན་ ད་ལྟོའི་ཚོགས་ཐེངས་ཀྱི་མཇུག་ལུ་ ཉེར་མཁོའི་དཔྱད་ཡིག་སྦེ་ བཙུག་ནི་ལུ་ གཞུང་སྐྱོང་ཚོགས་པ་ལུ་ དྲན་བསྐུལ་འབད་ནི་ཨིན་པས།


རྒྱལ་ཡོངས་ཚོགས་སྡེའི་ ལྷུན་རྩེ་འཐུས་མི་ རིག་འཛིན་གྱིས་ ས་གནས་གཞུང་གི་ ཐོབ་ཁུངས་དཔྱད་ཡིག་ དགོ་པའི་སྐོར་ལས་ སྤྱི་ཚོགས་དེ་གི་ ཚོགས་ཐེངས་༥ པའི་ནང་ གྲོས་འབུལ་ཕུལ་རུང་ ད་རེས་ཀྱི་ཚོགས་ཐེངས་ནང་ གྲོས་བསྟུན་གྱི་དོན་ལུ་ མ་ཚུད་པས་ཟེར་ཨིན་པས།
ཁོ་གིས་ ས་གནས་གཞུང་གི་ལཱ་འབད་མི་ཚུ་ ཞི་གཡོགཔ་དང་སྤྱི་ཚོགས་ དེ་ལས་ གཞན་ལས་སྡེ་ ག་ཅི་གི་གྲས་ཁར་ཡང་ མ་ཚུད་ནི་དེ་གིས་ ཐོབ་ཁུངས་དཔྱད་ཡིག་ དགོཔ་ཁག་ཆེ་བས་ཟེར་ཞུ་ཡི།
འཐུས་མི་གིས་ བཤད་དོ་བཟུམ་འབད་བ་ཅིན་ གནད་དོན་དེ་གི་སྐོར་ལས་ ཁོ་གིས་ ཚོགས་ཐེངས་༨ པའི་ནང་ཡང་ དྲན་འཚོར་འབད་བའི་སྐབས་ ནང་སྲིད་བློན་པོ་གིས་ ངོས་ལེན་ཡོད་ཟེར་ཞུ་ཡོདཔ་བཞིན་དུ་ ཚོགས་ཐེངས་༩ པའི་ནང་ གྲོས་བསྟུན་གྱི་དོན་ལུ་ བཙུག་ནི་ཟེར་སླབ་ཡོད་རུང་ ད་རེས་ གྲོས་གཞིའི་ནང་འཁོད་དེ་མིན་འདུག་ཟེར་ཞུ་ཡི།
བསམ་གྲུབ་ལྗོངས་མཁར་འཐུས་མི་གིས་ གཞུང་གསརཔ་འགོ་བཙུགས་པའི་ཤུལ་ལུ་ ཐོབ་ཐངས་བཅའ་ཁྲིམས་བཟོ་ཡོདཔ་ལས་ ས་གནས་གཞུང་གི་ ལཱ་འབད་མི་ཚུ་ལུ་ཡང་ དགོཔ་ཁག་ཆེ་བས་ཟེར་ཞུ་ཡི།
ཧཱ་གི་འཐུས་མི་གིས་ཡང་ གནད་དོན་དེ་ལུ་ རྒྱབ་སྐྱོར་ཡོད་ལུགས་ཚུ་ཞུ་ཡོདཔ་ད་ དར་དཀར་ནང་གི་ འཐུས་མི་གིས་ དམངས་གཙོའི་རིང་ལུགས་ནང་ མི་ཚུ་གིས་ འཐུས་མི་ཚུ་ལྕོགས་གྲུབ་ཅན་དགོ་ཟེར་སླབ་དོ་ཡོདཔ་ལས་ དེ་བཟུམ་མའི་འཐུས་མི་དགོ་པ་ཅིན་ ཐོབ་ལམ་ཡང་ ལེགས་ཤོམ་བྱིན་དགོཔ་དེ་ ཁག་ཆེ་བས་ཟེར་ཞུ་བ་ཕུལ་ཡི།
མོང་སྒར་འཐུས་མི་ གནས་བཅུ་གིས་ ས་གནས་གཞུང་གི་ལཱ་འབད་མི་ཚུ་ལུ་ ཐོབ་ཐབས་བཟོ་ནི་གི་དབང་ཆ་ ཚོགས་སྡེ་ལུ་མེད་རུང་ ཁོང་གིས་ཡང་ ཞི་གཡོགཔ་གཞན་མི་ཚུ་བཟུམ་སྦེ་ ཕར་ཚུར་འགྲོ་འགྲུལ་འབད་དོ་ཡོདཔ་ལས་ ཉིན་བསྟར་གྱི་འཐུས་བྱིན་དགོཔ་ཁག་ཆེཝ་འདུག་ཟེར་ཞུ་ཡི།
ཚོགས་སྡེའི་ཁྲི་འཛིན་ རྣམ་རྒྱལ་དཔལ་འབྱོར་གྱིས་ གཞུང་གིས་དཔྱད་དེ་ལུ་ ཟིན་བྲིས་བཀོད་དེ་ དངུལ་རྩིས་ལྷན་ཁག་ལུ་ ཕུལ་ཏེ་འདུག་ཟེར་ཨིནམ་ད་ ད་ལྟོའི་སྤྱི་ཚོགས་ཀྱི་དོན་ལས་ ཚོགས་ཐེངས་ལྷན་མཇུག་གཅིག་ལས་མེད་ནི་དེ་གིས་ དཔྱད་ཡིག་དེ་ ཤུལ་མའི་ཚོགས་ཐེངས་ནང་ ཉེར་མཁོའི་དཔྱད་ཡིག་སྦེ་ བཙུག་ནི་ཟེར་ཨིན་པས།
རྩོད་བསྡུར་དེ་ལུ་ འཐུས་མི་ཚུ་གིས་ དགོཔ་ཁག་ཆེཝ་སྦེ་ ཞུ་ནི་དེ་གིས་ ཚོགས་རྒྱན་བཙུགས་ཐོག་ལས་ ཉེར་མཁོའི་དཔྱད་ཡིག་སྦེ་ བཙུག་ནི་གི་དོན་ལས་ གཞུང་ལུ་དྲན་བརྡ་ཞུ་ནི་སྦེ་ གྲོས་ཆོད་གྲུབ་ཡོད་པའི་གནས་ཚུལ།

བཀྲ་ཤིས་བསྟན་འཛིན།

No comments:

Post a Comment