གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ལོ་བསྟར་གྱི་ པི་རིའུ་མཆོད་དུས་སྟོན་ ཁྱུན་མ་ཉམས་པར་ བརྩི་དོ་ཡོདཔ།

པི་རིའུ་མཆོད་སྐབས་ལུ་ གཡུས་མི་ཚུ་གིས་ གཙོ་བོ་ སྒོང་རྡོག་ཚུ་ ཚོས་གཞི་དམརཔོ་རྐྱབ་སྟེ་ བཙོ་ཞིནམ་ལས་ རང་སོའི་ མཆོད་བཤམ་ནང་ ཕུལ་སྲོལ་ཡོདཔ་ཨིན་མས།
༉ ལྷུན་རྩེ་རྫོང་ཁག་ནང་ གཡུས་ཚན་གཞན་དང་མ་འདྲཝ་བའི་ སྔོན་དང་ཕུ་ལས་ར་ བརྩི་སྲོལ་ཡོད་པའི་ ལོ་བསྟར་གྱི་ པི་རིའུ་མཆོད་ཟེར་མི་ དུས་སྟོན་དེ་ ད་རེས་ནངས་པ་ཡང་ ཁྱུན་མ་ཉམས་པར་ བརྩི་དོ་ཡོདཔ་ད་ དུས་སྟོན་གྱི་སྐབས་ལུ་ གཙོ་བོ་ར་ སྒོང་རྡོག་ཁ་དོག་དམརཔོ་སྦེ་ ཚོས་རྐྱབ་སྟེ་ བཙོ་ཞིནམ་ལས་ ཚོགས་ཕུལ་དོ་ཡོདཔ་མ་ཚད་ ནང་མི་བཟའ་ཚང་ཚུ་ སྒོང་རྡོག་བཙོ་ཞིནམ་ལས་ བཟའ་ནིའི་དུས་ཚོད་ཅིག་ཨིན་པས།


དེ་ཡང་ ལོ་བསྟར་བཞིན་དུ་ རང་ཟླ་༤ པའི་ཚེས་༡༠ ལུ་ བརྩི་དོ་ཡོདཔ་ད་ དེ་ཡང་ རྒེད་འོག་ལ་ལུ་ཅིག་ནང་ ཉིནམ་༡ ལས་བརྒལ་བརྩི་ནི་མེད་རུང་ ལྷུན་རྩེ་རྒེད་འོག་ རྒྱ་ཚ་སྦིས་གཡུས་ཚན་གྱི་ མི་སེར་ཚུ་གིས་འབད་བ་ཅིན་ ལོ་བསྟར་གྱི་ པི་རིའུ་མཆོད་དུས་སྟོན་དེ་ ཉིན་གྲངས་༣ དེ་ཅིག་ བརྩི་དོ་ཡོདཔ་ད་ དེ་ཡང་ པི་རིའུ་ཟེར་ ལིའུ་བསྒྱུར་ནི་ཡོདཔ་ཨིན་པས།
གཡུས་མི་རྒན་ཤོས་ཚུ་གིས་འབད་བ་ཅིན་ པི་རིའུ་མཆོད་དུས་སྟོན་དེ་ གཙོ་བོ་ར་ རྒྱལ་ཁབ་ནང་ ནད་མུག་འཁྲུག་རྩོད་ཚུ་མེད་པར་ དགའ་སྐྱིད་ཀྱི་ངང་ལུ་ གནས་ཐབས་དང་ གྲོང་གཡུས་ཚུ་ནང་ ལོ་ཕྱུགས་རྟག་ཏུ་ལེགས་ནི་དང་ ཆར་ཆུ་དུས་ལུ་འབབ་སྟེ་ བདེ་སྐྱིད་འབྱུང་ཐབས་ལུ་ གུ་རུ་རིན་པོ་ཆེ་ལུ་ ཚོགས་ཕུལཝ་ཨིན་ཟེར་ཨིན་པས།
གསོལ་མཆོད་དེ་ཡང་ རང་སོའི་ འབྱོར་པ་དང་འཁྲིལ་ཏེ་ སྒོང་རྡོག་ཚུ་ རང་སོའི་མཆོད་བཤམ་ནང་ དཀར་མེ་ཕུལ་ཐོག་ལས་ ཚོགས་རྫས་སྣ་ཚོགས་བསྒྲིག་སྟེ་ ཕུལ་དོ་ཡོདཔ་མ་ཚད་ ཁྱིམ་ནང་གི་ བཟའ་ཚང་ཚུ་གིས་ཡང་ ཉིནམ་དེ་ཁར་ སྒོང་རྡོག་ཚོས་གཞི་དམརཔོ་སྦེ་ བཙོ་མི་དེ་ བཟའ་ནིའི་ཉིནམ་ཅིག་ཨིན་པས།
སྒང་ཟུར་རྒེད་འོག་ལས་ སྐྱེས་ལོ་༦༦ ལང་མི་ ཨ་རྒས་སངས་རྒྱས་རྡོ་རྗེ་གིས་ ཀུན་གསལ་ལུ་སླབ་མིའི་ནང་ པི་རིའུ་མཆོད་དུས་སྟོན་དེ་ ལོ་བསྟར་བཞིན་དུ་ གུ་རུ་རིན་པོ་ཆེ་ལུ་ ཚོགས་ཕུལ་ནིའི་ ཉིནམ་ཅིག་ཨིན་མི་དེ་ཡང་ སྔོན་དང་ཕུ་ ཕ་མའི་བསྒང་ལས་ར་ སྒོང་རྡོག་ཚུ་ ཚོས་རྐྱབ་སྟེ་ དམརཔོ་བཟོ་ཞིནམ་ལས་ ཚོགས་ཕུལ་ནི་ཡོདཔ་མ་ཚད་ ལྷག་ལུས་སྒོང་རྡོག་ཚུ་ ཁོང་ར་བཟའ་ནི་ཡོདཔ་ལས་ དེ་བཟུམ་གྱི་ ལམ་སྲོལ་དེ་ ད་རེས་ནངས་པ་ཡང་ མ་ཉམས་པར་ཡོད་ཟེར་ཨིན་པས།
གཡུས་མི་ཚུ་གིས་ པི་རིའུ་མཆོད་ཟེར་མི་ དུས་སྟོན་དེ་ གུ་རུ་རིན་པོ་ཆེ་ལུ་ ཚོགས་ཕུལ་ནིའི་དོན་ལུ་ཨིན་ཟེར་ སླབ་ཨིན་རུང་ པི་རིའུ་ཟེར་མི་ དོན་དག་དང་ རྒྱབ་ཁུངས་ཅིག་ ལེགས་ཤོམ་སྦེ་ ཤེས་མི་མེད་རུང་ ལྷུན་རྩེ་རྒེད་འོག་ རྒྱ་ཚ་སྦིས་གཡུས་ཚན་གྱི་ མི་ཚུ་གིས་འབད་བ་ཅིན་ པི་རིའུ་མཆོད་ཟེར་ ཉིན་གྲངས་༣ གྱི་རིང་ བརྩི་སྲུང་འབད་དོ་ཡོདཔ་ཨིན་པས།
སྒང་ཟུར་རྒེད་འོག་ནང་འབད་བ་ཅིན་ མཁོ་ཆུང་ལྷ་ཁང་གི་ ནང་རྟེན་རྩ་ཅན་ཚུ་ མི་སེར་ཚུ་གིས་ མཇལ་ཁ་ཞུ་ནིའི་ གོ་སྐབས་ཅིག་ཨིན་ཟེར་ ཁོ་གིས་ སླབ་ཨིན་པས།
ཚོགས་ཕུལ་ནི་དེ་ཡང་ དྲོ་པ་ ཉིམ་མ་ཤརཝ་ལས་ར་ གྲ་སྒྲིག་འབད་དེ་ ལའི་གུ་ལས་ ཉིམ་ཤརཝ་ཅིག་ ཕུལ་ནི་འགོ་བཙུགས་དོ་ཡོདཔ་ད་ དེ་ཡང་ གུ་རུ་རིན་པོ་ཆེ་དེ་ ཉིམ་གྱི་ཟིར་ལུ་ཆིབས་ཏེ་ བྱོན་པའི་དད་མོས་བསྐྱེད་དེ་ མཆོད་བཤམ་དང་ སྒོ་སྒྲིག་དང་ ལྷ་ཁང་དང་ མཆོད་རྟེན་ཚུ་ནང་ཡང་ ཕུལ་ཚུགས་པ་ཅིན་ གུ་རུ་རིན་པོ་ཆེ་གིས་ སྐྱབས་མཛད་དེ་ དངོས་གྲུབ་གནངམ་ཨིན་ཟེར་ གཞམ་གླིང་གཡུས་ཚན་ལས་ སྐྱེས་ལོ་༥༧ ལང་མི་ ཨཔ་རིག་འཛིན་གྱིས་ སླབ་ཨིན་པས།
པི་རིའུ་མཆོད་དུས་སྟོན་དེ་ ལྷུན་རྩེ་རྫོང་ཁག་འོག་གི་ རྒེད་འོག་དག་པ་ཅིག་ནང་ བརྩི་སྲུང་འབད་དོ་ཡོདཔ་ད་ དེ་ཡང་ ཀུར་སྟོད་རྒེད་འོག་དང་ སྒང་ཟུར་རྒེད་འོག་ སྨན་སྦིས་རྒེད་འོག་ དེ་ལས་ སྨད་ཚོ་རྒེད་འོག་ཚུ་ནང་ ཨིན་པའི་གནས་ཚུལ།

བདེ་ཆེན་ཚེ་རིང་།

No comments:

Post a Comment