གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྒྱལ་ཁབ་ནང་འཁོད་ལུ་ འཁོར་ལམ་ལེ་ཤ་ཆད་ཡོདཔ།

ཁ་ཙ་ བསམ་གྲུབ་ལྗོངས་མཁར་གྱི་ཁྲོམ་ཁར་ ཆུ་རུད་ཐོན་ནུག།

སྲོག་སྐྱབས་འབད་མི་ཚུ་གིས་ མི་ཚུ་ ཆུ་རུད་ཐོན་ས་ནང་ལས་ བཏོན་པའི་བསྒང་།
༢༧/༠༦/༢༠༡༢   ༉ འདས་པའི་ཉིནམ་༢ ཀྱི་རིང་ལུ་ ཆརཔ་རྒྱུན་མ་ཆད་པར་ རྐྱབ་མི་ལུ་བརྟེན་ རྒྱལ་ཁབ་ཀྱི་ ས་གནས་ལེ་ཤ་ཅིག་ནང་ འཁོར་ལམ་ཚུ་ཆད་དེ་ སྐྱེལ་འདྲེན་དང་ རྒྱུན་འབྲེལ་ཚུ་ལུ་ བར་ཆད་རྐྱབ་ཡོདཔ་ཨིན་པས།
དེ་ཡང་ འདས་པའི་རེས་གཟའ་པ་སངས་ལུ་ ཆུ་རུད་དང་ ས་རུད་ཀྱིས་ སྤུ་ན་ཁ་དང་ མགར་སའི་བར་ན་ ལམ་བཀག་བསུབས་འབད་དེ་ཡོད་མི་གིས་མ་ཚད་པར་ དགེ་ལེགས་ཕུག་དང་ གཞལམ་སྒང་གི་བར་ན་ སྣུམ་འཁོར་ཚུ་ མ་ཐལ་བར་ཡོདཔ་ཨིན་པས།



ཁ་ཙ་ཉིན་མར་ ལམ་སེལ་ལས་མི་ཚུ་གིས་ དགེ་ལེགས་ཕུག་ལས་ གཞལམ་སྒང་ཁ་ཐུག་ལུ་ ཀི་ལོ་མི་ཊར་༡༥ དེ་ཅིག་གི་ས་གནས་ བཱོགསི་ཀ་ཊིང་ལུ་ ལམ་བསུབས་མི་དེ་ བསལ་ཡོད་རུང་ ས་རུད་ཆདཔ་ཆད་ས་ར་སྡོད་ནི་དེ་གིས་ ལམ་ལོག་སྟེ་ར་ བསུབས་ཆི་ནུག་ཟེར་ དགེ་ལེགས་ཕུག་དང་ ཀྲོང་གསར་འཁོར་ལམ་གྱི་ བཟོ་རིག་བཀོད་ཁྱབ་འགོ་དཔོན་ ཀེ་ཨེན་ གའུ་ཏམ་གྱིས་ སླབ་ཨིན་པས།
ཁོ་གིས་འབད་བ་ཅིན་ ལས་མི་ཚུ་གིས་ ཉིནམ་༡ ར་ལཱ་འབད་བའི་ཤུལ་ལུ་ ཕྱི་རུའི་ཆུ་ཚོད་༤.༣༠ ལས་༦ གི་བར་ན་ སྣུམ་འཁོར་ཆུང་བ་དང་ ཊི་པར་ཊཱག་དག་པ་ཅིག་ བཏང་ཚུགས་རུང་ ས་རུད་དང་ ཆརཔ་ཆད་ནི་མེད་པར་ རྐྱབ་ནི་དེ་གིས་ ལོག་སྟེ་ར་ ལམ་བསུབས་ནུག་ཟེར་ཨིན་པས།
ཁ་ཙ་ཉིན་མའི་ཆུ་ཚོད་༢.༤༠ དེ་ཅིག་ཁར་ ཐིམ་ཕུ་དང་ ཕུན་ཚོགས་གླིང་གི་བར་ན་ ས་གནས་དགེ་འདུ་ ནོ་ནོ་ལ་ཁ་ ལམ་བཀག་བསུབས་འབད་མི་ལུ་བརྟེན་ ཡར་མར་འགྱོ་མི་ སྣུམ་འཁོར་༢༠༠ ལྷགཔ་ཅིག་ དུས་ཡུན་ཆུ་ཚོད་༦ དེ་ཅིག་གི་རིང་ ཐོགས་ལུས་ནུག།
ལམ་སེལ་ས་ཁོངས་ནང་ཡོད་མི་ གི་རིཕ་ལས་འགུལ་གྱི་ འགན་འཛིན་འགོ་དཔོན་གྱིས་ སླབ་མིའི་ནང་ ཉིནམ་གཉིས་ཀྱི་རིང་ ཆརཔ་ཤུགས་སྦེ་ རྐྱབ་ནི་དེ་གིས་ རང་བཞིན་གྱི་ ས་རུད་ཆད་མི་ལུ་བརྟེན་ རྡོ་དང་ ཤིང་རག་རོ་ཚུ་གིས་ ལམ་བསུབས་ནུག་ཟེར་ཨིནམ་ད་ དེ་ཚུ་ ཕྱི་རུའི་ཆུ་ཚོད་༦.༣༠ དེ་ཅིག་ཁར་ བསལ་ཚར་ཏེ་ སྣུམ་འཁོར་ཚུ་བཏང་ནུག།
དེ་ལས་ རྩི་རང་དང་ དགེ་ལེགས་ཕུག་གི་བར་ན་ འགྲམ་ཕུག་ཁྲོམ་ལས་ ཀི་ལོ་མི་ཊར་༨ དེ་ཅིག་གི་ས་གནས་ རཱག་ཤ་ཌང་ར་ལུ་ ས་རུད་དེ་ རྡོ་ཚུ་གིས་ ལམ་བཀག་མི་དེ་ ས་རྐོ་འཕྲུལ་ཆས་ལག་ལེན་འཐབ་ཐོག་ལས་ བསལ་ཚུགས་ཡོད་རུང་ ས་གནས་དེ་ཁར་ ཆུ་དུང་ཚུ་ མེདཔ་བཏང་མི་ལུ་བརྟེན་ འགྲམ་ཕུག་ཁྲོམ་ཁར་ སྡོད་མི་ཚུ་ལུ་ ཚ་གྱང་ལང་ཡོདཔ་ཨིན་པས།
ད་རུང་ ཁ་ཙ་དྲོ་པའི་ཆུ་ཚོད་༨.༣༠ དེ་ཅིག་ཁར་ བསམ་གྲུབ་ལྗོངས་མའཁར་གྱི་ གདུང་བསམ་ཆུ་བྲེས་ཏེ་ ལམ་འགྲུལ་ཉེན་སྲུང་དང་ སྐྱེལ་འདྲེན་དབང་འཛིན་དང་ སྣུམ་འཁོར་ཊཱག་བཞག་སའི་ ས་ཁོངས་ཚུ་ནང་ ཆུ་རུད་ཐོན་ནི་དེ་གིས་ ཨམ་སྲུ་དང་ ཨ་ལུ་ཚུ་ ཆུ་རུད་ནང་ ཐོགས་ལུགས་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པ་དང་ རྫོང་ཁག་དང་ ཁྲོམ་སྡེའི་འགོ་དཔོན་ཚུ་གིས་ བར་ན་ཐོགས་ལུས་མི་ཚུ་ ཉེན་སྲུང་གི་ ས་ཁོངས་ཚུ་ནང་ བཏོན་ཚུགས་ཚུགས་ལུ་ དུས་ཡུན་ཆུ་ཚོད་༡ ལྷགཔ་ཅིག་ འགོར་ཡོདཔ་ཨིན་པས།
དེ་མ་ཚད་ སྣུམ་འཁོར་ཊཱག་དང་ འགྲུལ་སྐྱེལ་བཱསི་ སྣུམ་འཁོར་གཞན་ཚུ་ཡང་ ཆུ་རུད་ཐོན་ས་ལས་ ཉེན་སྲུང་གི་ ས་ཁོངས་ནང་ བཏོན་ཡོད་པའི་གནས་ཚུལ།

No comments:

Post a Comment