གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཆར་ཆུ་དཀོན་མི་ལུ་བརྟེན་ ལྕང་ལཱ་རྐྱབ་མ་ཚུགས་པར་ དུས་ཚོད་ཕྱིས་དོ་ཡོདཔ།

༉ ད་རེས་ནངས་པ་ རྒྱལ་ཁབ་ཀྱི་ ས་གནས་མང་ཤོས་ཅིག་ནང་ ཆརཔ་རྐྱབ་ནི་མེད་མི་ལུ་བརྟེན་ དམིགས་བསལ་དུ་ ལྕང་ལཱ་རྐྱབ་མ་ཚུགས་པར་ ལུས་དོ་ཡོདཔ་ཨིན་རུང་ དུས་ཅི་གི་ ཆརཔ་དང་པ་དེ་ ཁ་ཉིནམ་ཕྱི་རུའི་ ཆུ་ཚོད་ཕྱེད་དང་༥ དེ་ཅིག་ཁར་ བསམ་རྩེ་རྫོང་ཁག་ནང་ རྐྱབ་ཡོདཔ་ཨིན་པས།


བསྟན་རྒྱས་ལྷན་ཁག་འོག་གི་ ཆར་ཆུ་བརྟག་ཞིབ་ཞབས་ཏོག་གི་ འགོ་དཔོན་ཚུ་གིས་འབད་བ་ཅིན་ ཆརཔ་འགོ་དང་པ་རྐྱབ་མི་དེ་ ཁོང་གིས་ ཚད་འཇལ་བའི་སྐབས་ མི་ལི་མི་ཊར་༨༥ ཐོན་ཡི་ཟེར་ཨིནམ་ད་ ཆརཔ་དེ་ སྤྱི་ཟླ་༦ པའི་ཚེས་༥ ལུ་ ལོ་བསྟར་ཆརཔ་འགོ་དང་པ་རྐྱབ་པའི་ དུས་ཚོད་ཁར་ ཀྲིག་ཀྲིག་སྦེ་ རྐྱབ་ནུག་ཟེར་ སླབ་ཨིན་པས།
གནམ་གཤིས་གནས་སྟངས་མཁས་མཆོག་ བསོད་ནམས་རྡོ་རྗེ་གིས་འབད་བ་ཅིན་ ཆར་ཆུ་འགོ་དང་པ་དེ་ རྒྱལ་ཁབ་ཀྱི་ ལྷོ་ཕྱོགས་ལས་ འགོ་བཙུགས་དོ་ཡོད་མི་དེ་ཡང་ ཆརཔ་ཚུ་ རྒྱ་གར་གྱི་རྒྱ་མཚོ་ བཱེ་ཨོཕ་ བེང་གཱལ་བརྒྱུད་དེ་ འོང་མི་ལུ་བརྟེན་ཏེ་ ཨིན་ཟེར་ཨིན་པས།
སོ་ནམ་ལྷན་ཁག་གི་ ཐོ་བཀོད་དང་འཁྲིལཝ་ད་ རྒྱལ་ཁབ་ཀྱི་མི་སེར་ བརྒྱ་ཆ་༦༩ སོ་ནམ་གྱི་ལཱ་འབད་མི་ ཨིན་པ་གིས་མ་ཚད་ དུས་ཅི་ལས་ གཞུང་གིས་ ཚོད་བསྲེ་འཛུགས་སྐྱོང་ཚུ་ གོང་འཕེལ་གཏང་དགོ་པའི་ འཆར་གཞི་ཚུ་བརྩམས་གནང་མི་དང་འཁྲིལ་ མི་སེར་མང་ཤོས་ར་ ཆར་ཆུ་ལུ་ སྒུག་སྡོད་ཡོདཔ་ཨིན་པས།
ཐོ་བཀོད་དང་འཁྲིལཝ་ད་ རྒྱལ་ཁབ་ཀྱི་ སའི་རྒྱ་ཚད་ལས་ བརྒྱ་ཆ་༨ བཟའ་སྤྱོད་འབད་བཏུབ་མི་ལས་ བརྒྱ་ཆ་༡༨ ནང་ ཞིང་ཆུ་ཡོདཔ་ད་ བརྒྱ་ཆ་༧༠ འི་ནང་ སོ་ནམ་ལཱ་ཚུ་ ཆརཔ་ལུ་བརྟེན་ཏེ་ འབད་དོ་ཡོདཔ་ཨིན་པས།
ན་ཧིང་འབད་བ་ཅིན་ རྒྱལ་ཁབ་ནང་ སྤྱི་ཟླ་༦ པའི་ཚེས་༡༡ ལུ་མ་གཏོགས་ ཆརཔ་མ་རྐྱབ་ད་ སྤྱི་ཟླ་༦ པའི་ཚེས་༥ ལས་རྩིསཝ་ད་ ཉིནམ་༦ གིས་ ཕྱིས་སོ་ཡི་ཟེར་ གནམ་གཤིས་བརྟག་དཔྱད་མཁས་མཆོག་ཚུ་གིས་ སླབ་ཡོདཔ་ད་ སྤྱི་ཟླ་༩ པའི་ཚེས་༣༠ ལུ་ མཇུག་བསྡུ་ཡི་ཟེར་ཨིན་པས།
འགོ་དཔོན་ཚུ་གིས་འབད་བ་ཅིན་ ལོ་ཨ་རྟག་ར་ ཆརཔ་ཚུ་ སྤྱི་ཟླ་༦ པའི་ཚེས་༥ ལས་ འགོ་བཙུགས་དོ་ཡོདཔ་ད་ སྤྱི་ཟླ་༩ པའི་ནང་ མཇུག་བསྡུཝ་ཨིན་ཟེར་ཨིན་པས།
རྒྱལ་ཁབ་ཀྱི་ ས་གནས་མང་ཤོས་ཅིག་ནང་ སོ་ནམ་ཞིང་པ་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཆརཔ་མེད་པ་ལུ་བརྟེན་ བྱཱ་འཚོ་སའི་ས་གནས་ཚུ་ནང་ ལྕང་ལཱ་རྐྱབ་མ་ཚུགསཔ་མ་ཚད་ ཞིང་ནང་ཡོད་པའི་ གནམ་དགུན་གྱི་ཐོག་ཚུ་ཡང་ སྐམ་འགྱོ་དོ་ཡོདཔ་སྦེ་ སླབ་ཅི།
སྤ་རོ་ཟླ་བ་ཁ་ལས་ སྐྱེས་ལོ་༥༨ འབད་མི་ ཨམ་པ་སངས་ཀྱིས་འབད་བ་ཅིན་ ད་རེས་ ས་གནས་ནང་ ཨེ་མ་འཛུགས་སྐྱོང་འབད་ནིའི་ དུས་ཚོད་ཨིན་རུང་ ཆུ་མེད་པ་ལུ་བརྟེན་ དེ་སྦེ་ར་ ལུས་ཏེ་ཡོད་ཟེར་ཨིནམ་ད་ ཨེ་མའི་ལྕངམ་ཚུ་ཡང་ སྐམ་འགྱོ་བའི་ཁར་ བསྐྱར་འཛུགས་འབད་ནིའི་ དུས་ཚོད་ཡང་ ཕྱིསཔ་མས་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ མ་གཞི་ གཡུས་ཚན་དེ་ནང་ ཆརཔ་རྐྱབ་མ་བཏུབ་པའི་སྐབས་ལུ་ འཕུར་འགྲོ་དགོན་པ་ལས་ བཀའ་འགྱུར་ཞུ་སྟེ་ ཞིང་སྐོར་ར་རྐྱབ་པའི་སྐབས་ ཆརཔ་རྐྱབ་ནི་ཡོད་མི་དང་འཁྲིལ་ དུས་ཅི་ བཀའ་འགྱུར་ཞུ་རུང་ ཉིནམ་དེ་ཁར་ ཆརཔ་དུམ་གྲ་ཅིག་རྐྱབ་མ་གཏོགས་ ལོག་སྟེ་ར་ ཆད་སོ་ཡི་ཟེར་ཨིན་པས།
ཨ་རྟག་འབད་བ་ཅིན་ དུས་ཚོད་འ་ནེམ་ཅིག་ཁར་ ཚོད་བསྲེ་དང་ ཀེ་བ་ཚུ་འབག་སྟེ་ ཐིམ་ཕུ་ཁྲིམ་ཁར་ ཚོང་བཙོང་པར་ འགྱོ་ནི་ཡོདཔ་ཨིན་རུང་ དུས་ཅི་ ག་ཅི་ཡང་ བཙོང་ནི་མེདཔ་མ་ཚད་ ཐ་ན་ རི་ཁའི་རྩྭ་ཚུ་ཡང་སྐམ་སྟེ་ ནོར་སེམས་ཅན་ཚུ་ལུ་ཡང་ དཀའ་ངལ་བྱུང་སྟེ་ཡོད་ཟེར་ཨིན་པས།
བཀྲིས་གཡང་རྩེ་ འབུམ་སྡེ་གླིང་ གཡུས་ང་ལི་མང་ལས་ སྐྱེས་ལོ་༥༣ ལང་མི་ མ་ནི་རྒྱལ་མཚན་གྱིས་ འགྲུལ་འཕྲིན་ཐོག་ལས་ ཀུན་གསལ་ལུ་ སླབ་དོ་བཟུམ་འབད་བ་ཅིན་ ད་རེས་ ཁོ་གི་ ཆུ་ཞིང་ནང་ ལྕང་ལཱ་ཚུ་རྐྱབ་ནིའི་ དུས་ཚོད་ཨིན་རུང་ ཆརཔ་རྩ་ལས་ར་ རྐྱབ་ནི་མེདཔ་ལས་ རོང་ཆུ་ཚུ་ཡང་ སྐམ་འགྱོ་དེས་ཟེར་ཨིན་པས།
འགྲུལ་འཕྲིན་བཏང་པའི་སྐབས་ ཁོ་རའི་ ཨ་རིང་ནང་ ལྕང་ལཱ་རྐྱབ་སྡོད་མི་ ཕོ་སྐྱེས་དེ་གིས་འབད་བ་ཅིན་ ཕྱི་རུ་ཁམས་ ལྕང་ལཱ་དུམ་གྲ་རེ་ རྐྱབ་དོ་ཟེར་ཨིནམ་ད་ གཞན་མི་ སོ་ནམ་ཞིང་པ་ཚུ་ཡང་ ལེ་ཤ་ཅིག་ར་ ཆརཔ་ལུ་སྒུག་སྡོད་དགོཔ་ལས་ ལྕངམ་ཚུ་ སྦོམ་ཐལ་བའི་ ཚ་གྱང་ལང་སྟེ་ཡོད་ཟེར་ ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment