གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དབང་རྫོང་མེ་མཆོད་བཞེས་སྐབས་ རྒྱབ་སྐྱོར་འབད་མི་ཚུ་ལུ་ བཀའ་དྲིན་དགའ་ཚོར།

དམག་སྡེ་ཚུ་དང་ བདེ་སྲུངཔ་ཚུ་ལུ་ ཉིན་མའི་ལྟོ་བྱིན་པའི་བསྒང་།
༢༧/༠༦/༢༠༡༢   ༉ ཁ་ཙ་ རྒྱལ་ཡོངས་ཚོགས་འདུའི་འཐུས་མི་ཚུ་གིས་ སྤྱི་ཟླ་༦ པའི་ཚེས་༢༤ ལུ་ དབང་འདུས་ཕོ་བྲང་རྫོང་མེ་མཆོད་བཞེས་པའི་སྐབས་ གྲོགས་རམ་དང་ རྒྱབ་སྐྱོར་འབད་མི་ཚུ་ལུ་ བཀའ་དྲིན་དགའ་ཚོར་ཚུ་ཞུ་ཡི།


དེ་ཡང་ ཚོགས་དཔོན་འཇིགས་མེད་ཚུལ་ཁྲིམས་ཀྱིས་ དབང་འདུས་ཕོ་བྲང་རྫོང་དེ་ སྤྱི་ལོ་༡༦༣༡ ལུ་ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་གིས་ བཞེངས་གནང་པའི་ཤུལ་ལུ་ རྐྱེན་ངན་དུམ་གྲ་རེ་བྱུང་ཡོདཔ་ཨིན་རུང་ ད་རེས་བཟུམ་སྦེ་ སྦོམ་མ་བྱུང་པས་ཟེར་ཨིནམ་ད་ མི་ལོ་༣༧༤ ལང་མི་ རྫོང་གཞིས་རྙིངམ་དེ་ མེ་མཆོད་བཞེས་རུང་ ནང་རྟེན་ཚུ་ ཉེན་སྐྱོབ་འབད་ཚུགས་པའི་ཁར་ མི་ལུ་གནོད་སྐྱོན་ཚུ་མ་བྱུང་མི་དེ་ཡང་ གཙོ་བོ་ར་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ སྐུ་ངོ་བོ་སྦེ་ ས་གོ་ནང་ ཆིབས་བསྐྱོད་གནང་མི་ལུ་བརྟེན་ཏེ་ ཨིན་ཟེར་གསུངས་ཡི།
མ་གཞི་ ལོ་ངོ་༡༥ འི་ནང་འཁོད་ལུ་ མེ་རྐྱེན་དང་ ས་ཡོམ་ལུ་བརྟེན་ སྤ་རོ་སྟག་ཚང་དང་ སྤུ་ན་ཁ་རྫོང་ དེ་ལས་ མགར་ས་རྫོང་ལ་སོགས་པ་ཚུ་ལུ་ བར་རྐྱེན་རྐྱབ་སྟེ་འབད་རུང་ མི་དབང་མཆོག་གིས་ བཀའ་རྒྱ་གནང་མི་དང་འཁྲིལ་ཏེ་ སྤུས་ཚད་དང་ལྡནམ་སྦེ་ ཉམས་གསོ་ཞུ་དོ་བཟུམ་སྦེ་ ད་རེས་ དབང་འདུས་ཕོ་བྲང་རྫོང་གསར་བཞེངས་ཀྱི་ ལཱ་དེ་ཡང་ དུས་ཡུན་མ་རིང་པར་ སྤུས་ཚད་དང་ལྡནམ་སྦེ་ བསྒྲུབ་ཚུགས་ནིའི་དོན་ལུ་ སྤྱི་ཚོགས་ཀྱི་ཁ་ཐུག་ལས་ རྒྱབ་སྐྱོར་དང་བཅས་པའི་ རེ་སྨོན་ཡོད་ཟེར་གསུངས་ཡི།
དབང་འདུས་ཕོ་བྲང་གི་འཐུས་མི་ མགོནམ་རྡོ་རྗེ་གིས་ དུས་རབས་༡༦ ནང་ ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་གིས་ ཞབས་བཅགས་ཏེ་ བྱིན་གྱིས་བརླབས་གནང་པའི་ རྫོང་གཞིས་དེ་ མེ་མཆོད་བཞེས་ཏེ་ ཡུདཔ་ཐེངས་ཅིག་ནང་ ཐལ་བར་རླགས་རུང་ དཀོན་མཆོག་གསུམ་གྱི་ཐུགས་རྗེ་དང་ མི་དབང་མཆོག་གི་ སྐུ་བསོད་དབང་ཐང་ལུ་བརྟེན་ མཐའ་སྡུག་གི་ གནས་སྟངས་ལུ་མ་འགྱོ་ཟེར་ཞུ་ཡི།
མི་དབང་མཆོག་དང་ རྒྱལ་བཙུན་རྣམ་གཉིས་ཡང་ ས་ཁོངས་ནང་བྱོན་ཏེ་ ནང་རྟེན་ཚུ་ ཕྱག་ལུ་བཞེས་གནངམ་མ་ཚད་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་གིས་ དབུ་གཙོས་པའི་ གྲྭ་ཚང་ཁག་གི་ བླ་སློབ་ཚུ་གིས་ ནང་རྟེན་ཚུ་ལུ་ ཁྲུས་གསོལ་གནང་ཡི་ཟེར་ཞུ་ཡི།
དེ་ལས་ དབང་འདུས་ཕོ་བྲང་གི་ བསྟན་སྲུང་དམག་མི་དང་ སྡེ་སྲུངཔ་ ཁྲིམས་སྲུང་འགག་པ་ཚུ་གི་ ཁོང་རའི་སྲོག་ལུ་ཡང་ མ་ཕངས་པར་ ནང་རྟེན་ཚུ་ ཉེན་སྐྱོབ་འབད་མི་དེ་ལུ་ འབྲུག་མི་ཡོངས་ཀྱི་ཁ་ཐུག་ལས་ ངལ་རངས་དང་ དགའ་ཚོར་སྦོམ་ བསྐྱེད་དགོཔ་འདུག་ཟེར་ཞུ་ཡི།
གནད་དོན་ཁག་ཆེ་ཤོས་ཅིག་ རྫོང་ཁག་བདག་སྐྱོང་གི་ ལས་བྱེདཔ་ཚུ་ ལཱ་འབད་སའི་ས་གོ་མེདཔ་མ་ཚད་ ཐ་ན་ ཡིག་ཆ་ཚུ་ཡང་ ཐལ་བར་བརླགས་བཏངམ་ལས་ འཕྲལ་ར་ ནང་སྲིད་ལྷན་ཁག་གིས་ ཡིག་ཚང་གཞི་བཙུགས་གནང་དགོཔ་སྦེ་ཞུ་ཡི།
ལྡོག་ཕྱོགས་འགོ་ཁྲིདཔ་ ཚེ་རིང་སྟོབས་རྒྱས་ཀྱིས་ དུས་ཡུན་ཐུང་ཀུ་ཅིག་ནང་ རྩ་ཆེ་བའི་རྫོང་གཞིས་ མེ་མཆོད་བཞེསཔ་ད་ལུ་ མི་སེར་ཡོངས་ ཐུགས་ཕམས་བྱུང་རུང་ རྫོང་དེ་ སྔར་བ་ལྷགཔ་སྦེ་ གསར་བཞེངས་འབད་ནི་གི་ ལུང་བསྟན་གནང་དོ་བཟུམ་ཅིག་ཨིན་མས་ཟེར་ཞུ་ཡི།
ཞབས་ཏོག་བློན་པོ་ཡེ་ཤེས་སྦྱིན་པ་གིས་ ད་ལས་ཕར་ རྫོང་གཞིས་ཚུ་ མི་རྐྱེན་ལས་ སྔོན་འགོག་འབད་ནིའི་དོན་ལུ་ གཞུང་གིས་ ཐབས་ལམ་ཚུ་ ག་དེ་དྲག་དྲག་བཏོན་དགོཔ་དེ་ གལ་ཆེ་བས་ཟེར་ཞུ་ཡི།
དབང་འདུས་ཕོ་བྲང་རྫོང་དེ་ ཧེ་མ་བ་དྲགཔ་སྦེ་ ལོག་བཞེངས་ནིའི་དོན་ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ལས་ བཀའ་གྲུབ་སོ་ཡི་ཟེར་ ཞུ་ཡོད་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment