གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གཏེར་སྟོན་པདྨ་གླིང་པའི་ གནས་རྡོ་ཚུ་ ཉམས་སྲུང་འབད་ནིའི་གྲོས་འཆར།

བུམ་ཐང་གཏམ་ཞིང་ལུ་ གནས་རྡོ་༤ ཡོད་པའི་གྲས་ལས་ སྦོམ་ཤོས་དེ་ནང་ མ་མོ་ངག་གི་གསུང་འབུམ་ཚུ་ གཏེར་སྦེ་ སྦ་བཞག་པའི་སྐོར་ལས་ ལུང་བསྟན་ཀུན་གསལ་སྙིང་པོ་ ལེའུ་སུམ་ཅུ་པའི་ནང་ ཁ་གསལ་སྦེ་ འདུག་ཟེར་ གཏམ་ཞིང་ལྷ་ཁང་གི་ མཆོད་དཔོན་བགྲེསཔ་ ཀུན་དགའ་གིས་ སླབ་ཨིན་པས།

གཏེར་སྟོན་པདྨ་གླིང་པ་གིས་ བུམ་ཐང་གཏམ་ཞིང་ལུ་ གཏེར་སྦ་བཞག་མི་ གནས་རྡོ་༤ ཡོད་པའི་གྲས་ལས་༡།
༉ འབྲུག་རྒྱལ་ཁབ་ནང་ ཡོངས་གྲགས་ཅན་གྱི་ གཏེར་སྟོན་པདྨ་གླིང་པའི་ གནས་ཁྱད་པར་ཅན་ ལེ་ཤ་ཡོད་པའི་གྲས་ལས་ གཅིག་ དུས་རབས་༡༥ པའི་ནང་ གཏམ་ཞིང་ལྷ་ཁང་བཞེངས་པའི་སྐབས་ གཏེར་སྟོན་པ་ཁོ་ར་གིས་ ཤིང་བཟོ་བོ་ཚུ་ལུ་ རྫུ་འཕྲུལ་གྱི་ཐོག་ལས་ རྡོ་ཚུ་སྟྭ་རས་ཀྱིས་བཀག་སྟེ་ རྡོ་བཏོན་བྱིན་པའི་ གནས་རྡོ་ཚུ་ ཉམས་སྲུང་འབད་ནི་ཨིན་པས།


རྫོང་ཁག་སྲོལ་འཛིན་འགོ་དཔོན་ངོ་ཚབ་ ཀུན་བཟང་གིས་ བཤད་དོ་བཟུམ་འབད་བ་ཅིན་ སྲོལ་འཛིན་ལས་ཁུངས་ལས་ ཡི་གུ་ལྷོད་དེ་  གཏམ་ཞིང་དང་ དཀོན་མཆོག་གསུམ་ལྷ་ཁང་གི་བར་ན་ཡོད་པའི་ གནས་རྡོ་ཚུ་ ངོས་འཛིན་འབད་ནིའི་དོན་ལུ་ གྲྭ་ཚང་གི་ངོ་ཚབ་དང་ གཏམ་ཞིང་ལྷ་ཁང་གི་ ངོ་ཚབ་ཚུ་དང་གཅིག་ཁར་ བདེན་དཔྱད་འབད་བའི་སྐབས་ལུ་ གནས་རྡོ་ཚུ་ ངོས་འཛིན་འབད་ཚུགས་ཅི་ཟེར་ཨིན་པས།
གཏམ་ཞིང་ལྷ་ཁང་གི་ མཆོད་དཔོན་བགྲེསཔ་ ཀུན་དགའ་གིས་ སླབ་དོ་བཟུམ་འབད་བ་ཅིན་ གནས་རྡོ་༤ ཡོད་པའི་གྲས་ལས་ སྦོམ་ཤོས་དེ་ནང་ མ་མོ་ངག་གི་གསུང་འབུམ་ཚུ་ གཏེར་སྦེ་ སྦ་བཞག་ཡོད་པའི་སྐོར་ལས་ ལུང་བསྟན་ཀུན་གསལ་སྙིང་པོ་ ལེའུ་སུམ་ཅུ་པའི་ནང་ ཁ་གསལ་སྦེ་ འདུག་ཟེར་ཨིནམ་ད་ ཁ་རྒྱུན་ལས་ གཏེར་རྡོ་དེ་ནང་ གསེར་གྱི་དུང་ཚུ་ཡང་ཡོདཔ་སྦེ་ སླབ་སྲོལ་འདུག་ཟེར་ཨིན་པས།
གཏེར་རྡོ་སྦོམ་གྱི་འོག་ལུ་ ད་རུང་ གནས་རྡོ་ཡོད་མི་དེ་ནང་ གཏེར་སྟོན་པ་ཁོ་ར་དང་ ཆོས་སྲུང་དམ་ཅན་རྡོ་རྗེ་ལེགས་པའི་ ཞབས་རྗེས་༤ མཇལ་ནི་ཡོད་མི་དེ་ཡང་ པདྨ་གླིང་པ་ཁོ་ར་ ས་གནས་དེ་ནང་ལས་ གཏེར་བཞེས་ནི་གི་ ལུང་བསྟན་ཡོདཔ་བཞིན་དུ་ གཏེར་བཞེས་པར་བྱོན་ཏེ་ ས་ཁོངས་དེ་ནང་བཞུགསཔ་ད་ ཆོས་སྲུང་དེ་གིས་ གཏེར་དེ་ ད་ལྟོ་ཡོད་མི་ གནས་རྡོ་ཚུ་གི་ལྟག་ལུ་ བྱག་ཅིག་གུ་ཡོདཔ་སྦེ་ སྟོན་བྱིན་པའི་ཤུལ་ཨིན་ཟེར་ཨིན་པས།
གནས་རྡོ་ཚུ་ གཏམ་ཞིང་དང་ དཀོན་མཆོག་གསུམ་ལྷ་ཁང་༢ ཀྱི་བར་ན་ཡོད་མི་ ཆུ་འཁོར་མ་ཎི་གི་ ལྟག་ལུ་ཡོད་དེ་འབད་རུང་ གནས་ཚུ་གི་སྐོར་ལས་ ས་གནས་ནང་གི་ མི་ཚུ་གིས་མ་གཏོགས་ མི་མང་ཤོས་ཅིག་གིས་ མི་ཤེས་དོ་ཡོདཔ་ཨིན་པས།
རྫོང་ཁག་སྲོལ་འཛིན་འགོ་དཔོན་ངོ་ཚབ་ ཀུན་བཟང་གིས་ སླབ་དོ་བཟུམ་འབད་བ་ཅིན་ གནས་རྡོ་ཚུ་ ཡ་མཚན་ཆེ་བའི་ཁར་ ཇར་མ་ནི་གི་ མའི་ཀཱལ་ ཧའུ་སར་གྱིས་བཏང་མི་ ཡི་གུ་དང་ མཐུནམ་སྦེ་ཡོད་ནི་དེ་གིས་ རྫོང་ཁག་བདག་སྐྱོང་དང་འབྲེལ་བ་འཐབ་སྟེ་ ཉམས་སྲུང་འབད་ནི་ཨིན་ཟེར་ཨིན་པས།
མའི་ཀཱལ་ ཧའུ་སར་གྱིས་ དྲགོས་ཀརྨ་ཨུ་ར་ལུ་བསྐྱལ་མི་ ཡི་གུ་དང་འཁྲིལ་བ་ཅིན་ ས་གནས་དེ་ནང་ ཡ་མཚན་ཅན་གྱི་ གནས་རྡོ་ཚུ་ཡོད་དེ་འབད་རུང་ མི་མང་ཤོས་ཀྱིས་ དེ་གི་སྐོར་ལས་ ལེགས་ཤོམ་སྦེ་ ཤེས་མི་མེདཔ་ལས་ མ་འོངས་པའི་ནང་ མི་ཚུ་གིས་ ཁྱིམ་རྐྱབ་ནིའི་དོན་ལུ་ རྡོ་ཚུ་ལག་ལེན་འཐབ་ནི་གི་ ཉེན་ཁ་ཡོདཔ་ལས་ ད་ལྟོ་ལས་ར་ ཉམས་སྲུང་འབད་དགོཔ་འདུག་ཟེར་ཨིན་པས།
ཁོ་གིས་ གནས་རྡོ་སྦོམ་དེ་ཁར་ དང་ཕུ་འབད་བ་ཅིན་ ལོ་ཐོག་ཚུ་བཏབ་ད་ དུས་ཚོད་ཤེས་ནིའི་་དོན་ལུ་ ལག་ལེན་འཐབ་དོ་ཡོདཔ་འོང་ནི་མས་ཟེར་ཨིནམ་ད་ དེ་ཡང་ གནས་རྡོ་དེ་ཁར་ ཕྱོགས་༤ གི་དབྱེ་བ་ཚུ་ སྟོན་ནི་འདུག་ཟེར་ཨིན་པས།
སྲོལ་འཛིན་འགོ་དཔོན་ངོ་ཚབ་ཀྱིས་ གནས་རྡོ་ཚུ་ ཉམས་སྲུང་འབད་ཐབས་དང་ མི་མང་གིས་ ཤེས་རྟོགས་འབྱུང་ཐབས་ལུ་ འཕྲལ་མགྱོགས་ར་ རཝ་རྐྱབ་སྟེ་ བརྡ་བྱང་ཚུ་ཡང་ བཟོ་ནི་ཟེར་ ཨིན་པའི་གནས་ཚུལ།

བཀྲ་ཤིས་བསྟན་འཛིན།

No comments:

Post a Comment