གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ནངས་པར་ལས་ སྤུ་ན་གཙང་ཆུ་ལས་འགུལ་ནང་ ཀེ་བ་བཀྲམ་སྤེལ་འགོ་བཙུག་ནི།

ས་གནས་ཀྱི་ ཚོད་བསྲེ་ཚུ་ སྤུས་ཚད་ལེགས་ཤོམ་ཡོད་པའི་ཁར་ མི་སེར་སོ་ནམ་པའི་ འཚོ་བའི་གནས་སྟངས་ ཡར་དྲག་གཏང་ནིའི་དོན་ལུ་ གྲོགས་རམ་བཟུམ་ཅིག་སྦེ་ རིན་གོང་མཐོ་རུང་ ཉོ་ནི་སྦེ་ཐག་བཅད་ཅི་ཟེར་ ཨེལ་ཨེན་ཊི་བཟོ་སྐྲུན་ལས་སྡེའི་ འཛིན་སྐྱོང་པ་ ཨར་བིན་གྱིས་ སླབ་ཨིན་པས།


སྤུ་ན་གཙང་ཆུ་ལས་འགུལ་གྱི་ འཐུས་མི་ཚུ་གིས་ ཚོད་བསྲེ་བཀྲམ་སྤེལ་གྱི་ གན་རྒྱ་གུ་ མིང་རྟགས་བཀོད་པའི་བསྒང་།
༡༦/༠༦/༢༠༡༢   ༉ ནངས་པར་ རེས་གཟའ་ཟླ་བ་ལས་ དབང་འདུས་ཕོ་བྲང་ ཉི་ཤུ་རྒེད་འོག་དང་ སྤུ་ན་ཁ་ གླིང་མུ་རྒེད་འོག་ལས་ ཀེ་བ་སྣུམ་འཁོར་ཊཱག་གི་དོས་༡ སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་ གོ་རིམ་དང་པའི་ནང་ ལཱ་འབད་མི་ ཨེལ་ཨེན་ཊི་དང་ ཧེཆི་སི་སི་བཟོ་སྐྲུན་ལས་སྡེ་༢ ནང་ བཀྲམ་སྤེལ་འབད་ནི་ འགོ་བཙུག་ནི་ཨིན་པས།


དེའི་དོན་ལུ་ གཟའ་པ་སངས་ལུ་ ལས་སྡེ་༢ ཀྱི་འཐུས་མི་ཚུ་དང་ རྫོང་ཁག་༣ གྱི་ མི་སེར་སོ་ནམ་པའི་ཧོངས་ལས་ སོ་ནམ་ལྷན་ཁག་གི་བར་ན་ གན་རྒྱ་ཅིག་གུ་ མཚན་རྟགས་བཀོད་ཡོདཔ་ད་ གན་རྒྱ་དང་འཁྲིལཝ་ད་ ད་ལས་ཕར་ སྤུ་ན་ཁ་དང་ དབང་འདུ?ས་ དེ་ལས་ རྩི་རང་རྫོང་ཁག་༣ ལས་ ལོ་རེ་ནང་ ཚོད་བསྲེའི་རིགས་ མེ་ཊིག་ཊཱོན་༧༨,༨༤༥ དང་ བདུན་ཕྲག་རེ་ལུ་ སྒོང་རྡོག་༦,༣༠༠ ལྷགཔ་རེ་ དེ་ལས་ བྱ་ཤ་ཀེ་ཇི་༨༨༥ རེ་ བཙུག་ནི་སྦེ་ མི་སེར་ཚུ་གིས་ ཁས་བླངས་འབད་ཡོདཔ་ད་ དེ་ཡང་ ལས་སྡེ་གིས་ མཁོ་མངགས་འབད་མི་དང་འཁྲིལ་ཏེ་ཨིན་པས།
མ་གཞི་ ཚོད་བསྲེ་དང་ བྱའི་ཐོན་སྐྱེད་དེ་ སྤྱི་ཟླ་༨ པ་ལས་ འགོ་བཙུག་ནི་ཟེར་ གན་རྒྱ་ནང་བཀོད་དེ་ཡོདཔ་ཨིན་རུང་ རྒེད་འོག་༢ ནང་ ཀེ་བ་གྲ་སྒྲིག་སོང་ཡོདཔ་ལས་ ནངས་པར་ལས་ར་ བཀྲམ་སྤེལ་འགོ་བཙུག་ནི་ཟེར་ཨིནམ་ད་ རྒེད་འོག་༢ ཀྱིས་ བདུན་ཕྲག་རེ་ལུ་ ཀེ་བ་ཀེ་ཇི་༦,༧༢༨ འབདཝ་ད་ བདུན་ཕྲག་༨ ཀྱི་རིང་ བཀྲམ་སྤེལ་འབད་བའི་ཤུལ་ལས་ འཕྲོ་མཐུད་དེ་ སྲས་ཕུ་དང་ ཕོབ་སྦྱིས་ཁ་ ནཱ་སྦིས་ དེ་ལས་ ཀ་གཞི་རྒེད་འོག་ཚུ་གིས་ བཙུག་ནི་ཨིན་པས།
དེ་ལས་ ཚོད་བསྲེ་གཞན་ཚུ་ སྤྱི་ཟླ་༨ པའི་ནང་ལས་རྐྱངམ་གཅིག་ འགོ་བཙུག་ནི་ཨིནམ་ད་ དེ་ཡང་ ད་ལྟོ་ ཚོད་བསྲེ་ཚུ་ གྲ་སྒྲིག་མ་འགྱོཝ་ལས་བརྟེན་ཨིན་རུང་ ལས་སྡེ་གིས་ ནམ་ར་སྦེ་རུང་ ཉོ་ཆོག་ཆོ་ཡོད་ཟེར་ཨིན་པས།
རྫོང་ཁག་༣ གྱིས་ དུས་ཅི་ གཞུང་དང་ བཟོ་སྐྲུན་ལས་སྡེ་ཚུ་དང་གཅིག་ཁར་ ཞལ་འཛོམས་ཚར་ལེ་ཤ་འཚོགས་རུང་ ད་རེས་ལས་བརྒལ་ གཏན་འཁེལ་བཟོ་མ་ཚུགསཔ་ཨིན་པས།
དབང་འདུས་ཀྱི་ མི་སེར་སོ་ནམ་པའི་འཐུས་མི་ ཀུན་ལེགས་དོན་གྲུབ་ཀྱིས་འབད་བ་ཅིན་ མཁོ་མངགས་བསྒྲུབ་ནིའི་དོན་ལུ་ མི་སེར་ཚུ་ ཤུགས་བཏོན་དོ་ཟེར་ཨིནམ་ད་ གལ་སྲིད་ འཐུས་ཤོར་བ་ཅིན་ གོ་སྐབས་མེདཔ་འགྱོ་ནིའི་ ཉེན་ཁ་འདུག་ཟེར་ཨིནམ་ད་ ལཱ་དེ་ལེགས་ཤོམ་འགྱོ་ནིའི་དོན་ལུ་ རྫོང་ཁག་དང་ རྒེད་འོག་རེ་ལས་ འཐུས་མི་རེ་ བཙག་འཐུ་འབད་ཡོདཔ་ཨིན་པས།
རྩི་རང་གི་ ཚོ་འཁོར་གླིང་རྒེད་འོག་གི་འཐུས་མི་ ཀཱན་བ་ཏ་མང་གིས་འབད་བ་ཅིན་ ཁོང་གི་ཧོངས་ལས་ བྱའི་ཐོན་སྐྱེད་མཁོ་མངགས་བསྒྲུབ་མ་ཚུགས་པའི་ ཚ་གྱང་མེད་ཟེར་ཨིནམ་ད་ དེ་ཡང་ རྫོང་ཁག་ནང་ བྱ་གསོ་སྐྱོང་འཐབ་མི་ བརྒྱ་ཆ་༨༠ དེ་ཅིག་ཡོདཔ་ལས་ ད་རེས་ བྱ་ཤ་དང་ སྒོང་རྡོག་ཉོ་མི་མེད་པར་ དབང་འདུས་ཁྲོམ་ཁར་ བཙོང་པར་འགྱོ་ནི་ཡོད་ཟེར་ཨིན་པས།
བྱའི་ཐོན་སྐྱེད་ཚུ་ རྩི་རང་ལས་རྐྱངམ་གཅིག་ བཀྲམ་སྤེལ་འབད་ནི་ཨིནམ་ད་ ལ་ཕུག་དང་ ཨེ་མ་ དེ་ལས་ སྲནམ་ཅུམ་གྱི་རིགས་ཚུ་སྤུ་ན་ཁ་ལས་ བཀྲམ་ནི་ཨིན་པས།
མ་གཞི་ བཟོ་སྐྲུན་ལས་སྡེ་ཚུ་གིས་ ཚོད་བསྲེ་ཚུ་ རྒྱ་གར་ ནུབ་བེང་གཱལ་མངའ་སྡེའི་ས་གནས་ ཕ་ལ་ཀ་ཊ་ལས་ གོང་ཚད་རན་ཏོག་ཏོ་སྦེ་ ནང་འདྲེན་འབད་དོ་ཡོདཔ་ཨིན་རུང་ ནང་འཁོད་ལས་ཐོན་མི་ ཚོད་བསྲེ་ཚུ་ སྤུས་ཚད་ལེགས་ཤོམ་ཡོད་པའི་ཁར་ མི་སེར་སོ་ནམ་པའི་ འཚོ་བའི་གནས་སྟངས་ཡར་དྲག་ གཏང་ནིའི་དོན་ལུ་ གྲོགས་རམ་བཟུམ་ཅིག་སྦེ་ གོང་ཚད་མཐོ་རུང་ ཉོ་ནི་ཨིན་ཟེར་ ཨེལ་ཨེན་ཊི་གི་ འཛིན་སྐྱོང་པ་ ཨར་བིན་གྱིས་ སླབ་ཨིན་པས།
ཁོ་གི་ བཟོ་སྐྲུན་ལས་སྡེའི་ ཐབ་ཚང་ནང་ ཉིན་བསྟར་བཞིན་དུ་ བཞེས་སྒོ་བཟའ་མི་༢,༠༠༠ ལྷགཔ་ཅིག་དང་ ཨེཆི་སི་སི་བཟོ་སྐྲུན་ལས་སྡེ་ནང་ མི་གྲངས་༡,༠༠༠ དེ་ཅིག་ཡོད་ཟེར་ ཨིན་པའི་གནས་ཚུལ།

བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment