གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དགེ་ལེགས་ཕུག་གི་ གནམ་ཐང་བཟོ་སྐྲུན་གྱི་ལཱ་ མཇུག་བསྡུ་རན་ཁར་ ལྷོད་ཡོདཔ།

མཇུག་བསྡུ་རན་ཁར་ལྷོད་མི་ དགེ་ལེགས་ཕུག་གི་གནམ་ཐང་།

༉ རིང་ཚད་མི་ཊར་༡,༥༠༠ འབད་མི་ དགེ་ལེགས་ཕུག་གི་ གནམ་ཐང་དེ་ མཇུག་བསྡུ་རན་ཁར་ལྷོད་ཡོདཔ་ཨིན་རུང་ གནམ་འབྱ་གི་ཆརཔ་རྐྱབ་ནིའི་དུས་ཚོད་ རྫོགས་ཞིནམ་ལས་མ་གཏོགས་ འགོ་འབྱེད་མི་འབད་ཟེར་ མཁའ་འགྲུལ་ལས་ཁུངས་ཀྱི་ འགོ་དཔོན་གྱིས་བཤདཔ་ཨིན་པས།
གནམ་ཐང་འགོ་འབྱེད་འབད་ནིའི་དོན་ལུ་ དང་པ་ གནམ་གཤིས་གནས་སྟངས་དང་ གཉིས་པ་ རྒྱ་གར་གྱི་ཏི་རུ་ རུ་པི་མ་ལང་པའི་དཀའ་ངལ་ལུ་བརྟེན་ ཐེངས་གཉིས་རེ་ ཕར་འགྱངས་འབད་དགོཔ་བྱུང་ཡོདཔ་ཨིན་པས།


མཁའ་འགྲུལ་ལས་ཁུངས་ཀྱི་ མདོ་ཆེན་ངོ་ཚབ་ ཀརྨ་དབང་ཕྱུག་གིས་ སླབ་དོ་བཟུམ་འབད་བ་ཅིན་ གནམ་ཐང་བཟོ་སྐྲུན་འབད་ནི་དེ་ ལས་འགུལ་གྱི་ལཱ་སྦོམ་ཅིག་ཨིནམ་ལས་ འགོ་འབྱེད་ཡང་ ལེགས་ཤོམ་སྦེ་འབད་དགོ་པའི་ཁར་ ལྷན་ཁག་དང་གཅིག་ཁར་ཡང་ གྲོས་བསྟུན་འབད་དགོ་ཟེར་ཨིན་པས།
ད་ལྟོ་ ཆུ་གཡུར་ཚུ་ལེགས་ཤོམ་མེད་ནི་དེ་གིས་ གནམ་ཐང་མེདཔ་གཏང་ནིའི་ཉེན་ཁ་ཡོད་མི་ལུ་བརྟེན་ ཆུ་གཡུར་བཟོ་སྐྲུན་འབད་ནི་གི་ འཆར་གཞི་ཡོད་ཟེར་ཨིན་པས།
ཆུ་གཡུར་གྱིས་ གནམ་ཐང་ནང་ ཆུ་འགྱོ་ནི་ལས་ བཀག་ཐབས་ཀྱིས་མ་ཚད་ ཐང་ནང་གི་ཆུ་ཚུ་ཡང་ སིམ་འགྱོ་ནི་ལུ་ ཕན་ཐབས་ཡོད་ཟེར་ཨིནམ་ད་ ཆུ་གཡུར་དེ་ ཨེ་ཤི་ཡན་གོང་འཕེལ་དངུལ་ཁང་གི་ མ་དངུལ་གྲོགས་རམ་ ཡུ་ཨེས་ཌོ་ལར་༡༠༠,༠༠༠ ཐོག་ལས་ བཟོ་སྐྲུན་འབད་ནི་ཨིན་པས།
གནམ་གྲུའི་ འགྲུལ་མི་ འཐོན་འཛུལ་འབད་སའི་ སྒྲིང་ཁྱིམ་གྱི་ལཱ་ཚུ་ཡང་ ཧ་ལམ་མཇུག་བསྡུ་རན་ཁར་ལྷོད་ཡོདཔ་ཨིན་པས།
ཀརྨ་དབང་ཕྱུག་གིས་འབད་བ་ཅིན་ ས་གནས་ནང་འཁོད་ཀྱི་གནམ་ཐང་ དགེ་ལེགས་ཕུག་དང་ ཡོན་ཕུ་ལ་ དེ་ལས་ བོད་པ་བརླག་ཐང་གི་ གནམ་ཐང་ཚུ་ ཡར་དྲག་གཏང་ནིའི་དོན་ལུ་ ཨེ་ཤི་ཡན་གོང་འཕེལ་དངུལ་ཁང་གིས་ ཡུ་ཨེས་ཌོ་ལར་ས་ཡ་༦.༩ གྲོགས་རམ་བྱིན་ཡོད་ཟེར་ཨིན་པས།
གྲོགས་རམ་མ་དངུལ་དེ་གིས་ མཁའ་འགྲུལ་བཅའ་ཁྲིམས་བཟོ་ནི་དང་ དགེ་ལེགས་ཕུག་ གནམ་ཐང་གི་དོན་ལུ་ ཆུ་བྱག་རྐྱབ་ནི་ དེ་ལས་ གནམ་གྲུ་ཐང་གི་དོན་ལུ་ ཡར་རྒྱས་བཏང་དགོ་པའི་ལཱ་འབད་དགོཔ་ཡོད་མི་ཚུ་ནང་ ཟད་འགྲོ་གཏང་ནི་ཨིན་ཟེར་ ཀརྨ་དབང་ཕྱུག་གིས་བཤདཔ་ཨིན་པའི་གནས་ཚུལ།

No comments:

Post a Comment