གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཆུ་དུང་ལག་ལེན་འཐབ་ཐོག་ལས་ ལྕང་ལཱ་རྐྱབ་དོ་ཡོདཔ།

བཀྲིས་གཡང་རྩེ་ལུ་ ལྕང་ལཱ་རྐྱབ་མ་ཚུགས་པར་ལུས་མི་ ཆུ་ཞིང་ཚུ།
༡༩/༠༦/༢༠༡༢   ༉ བཀྲིས་གཡང་རྩེ་ འབུམ་སྡེ་གླིང་ ང་ལི་མང་གཡུས་ཚན་ལས་ སྐྱེས་ལོ་༣༡ ལང་མི་ པདྨ་ལྷ་མོ་གིས་ མོ་རའི་ ཨ་རིང་ནང་ ལྕང་ལཱ་རྐྱབ་ནིའི་དོན་ལུ་ ཆརཔ་རྐྱབ་ནི་ལུ་ ཡུན་རིང་བསྒུགས་སྡོད་པའི་ཤུལ་ལས་ ཁ་ཙ་ མི་ཊར་༥༠༠ འབད་མི་ ཆུ་དུང་ལག་ལེན་འཐབ་ཐོག་ལས་ ཨ་རིང་གླང་དོ་༢ འབད་མི་ཅིག་ ལྕང་ལཱ་རྐྱབ་ཡོདཔ་ཨིན་པས།


དེ་བསྒང་ མོ་རའི་ཁྱིམ་ནང་གི་ འཐུང་ཆུའི་ཀ་ལི་དང་ རོང་ཆུ་ཚུ་ལས་ ཆུ་དུང་ལག་ལེན་འཐབ་སྟེ་ ཞིང་ནང་ལས་ མི་ཊར་༢༠༠ དེ་ཅིག་ཡོད་པའི་ ས་གནས་ལས་ ཆུ་འཐེན་ཡོདཔ་ཨིན་པས།
མོ་གིས་ སླབ་མིའི་ནང་ ཆུ་དུང་ཚུ་ ལག་ལེན་འཐབ་སྟེ་ ཆུ་མ་འཐེན་པ་ཅིན་ རོང་ཆུ་ཚུ་ མོ་རའི་ ཞིང་གི་སྦོ་ལོགས་ཁར་ཡོད་པའི་ སྤོག་ཏོ་ཅིག་གི་ རྒྱབ་ཁར་འབད་ནི་དེ་གིས་ གཡུར་བ་བཟོ་མི་ཚུགས་པས་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ ད་རེས་གནས་སྐབས་ཅིག་ དེ་བཟུམ་མའི་ ཐབས་ལམ་ཚུ་བཏོན་ཏེ་ ལྕང་ལཱ་རྐྱབ་ཡོདཔ་ཨིན་རུང་ ད་ལས་ཕར་ ཆུ་མ་ལང་པར་ བྱཱ་ཚུ་ ཤི་སོ་རུང་ འབད་ཐབས་གཞན་ ག་ཅི་ཡང་ མིན་འདུག་ཟེར་ཨིན་པས།
གཡུས་མི་ལ་ལུ་ཅིག་གིས་ འགྲུལ་འཕྲིན་ཐོག་ལས་ ཀུན་གསལ་ལུ་སླབ་དོ་བཟུམ་འབད་བ་ཅིན་ ད་ལས་ཕར་ ཉིན་གྲངས་༣ དང་༤ དེ་ཅིག་གི་བར་ན་ ཆརཔ་མ་རྐྱབ་པ་ཅིན་ ཁོང་གི་ཨ་རིང་ཚུ་ སྟོངམ་ལུས་ནིའི་ ཉེན་ཁ་ཡོད་ཟེར་ཨིན་པས།
གཡུས་མྱང་སྟེང་ལས་ སྐྱེས་ལོ་༤༠ ལང་མི་ མ་ཎི་རྡོ་རྗེ་གིས་ སླབ་མིའི་ནང་ ཨ་རིང་ཚུ་སྐམ་སྟེ་ ད་ལྟོ་ཚུན་ཚོད་ ལྕང་ལཱ་རྐྱབ་མ་ཚུགས་པར་ ལུས་མི་དང་འཁྲིལ་ བྱཱ་གི་ལྕངམ་ཚུ་ཡང་ སྦོམ་ཐལཝ་མ་ཚད་ ལ་ལུ་ཅིག་ ཉིམ་གྱིས་བཤུར་བཏང་བའི་ཁར་ ལ་ལུ་ཅིག་ རུལ་སོ་ནུག་ཟེར་ཨིན་པས།
ཨིན་རུང་ ད་རེས་ ཆུ་དུམ་གྲ་རེ་ཐོབ་ད་ བྱཱ་གི་ལྕངམ་ཚུ་ རིངམོ་ཐལ་སོ་རུང་ ལེགས་ཤོམ་ཡོད་མི་ཚུ་བསལ་ཏེ་ སྤྱི་ཏོག་གི་འདབ་མ་ རིངམོ་སྦེ་ཐལ་མི་ཚུ་ བཏོགས་བཀོག་ཞིནམ་ལས་ བཙུགས་དོ་ཟེར་ཨིནམ་ད་ བྱཱ་ཚུ་བཙུགས་རུང་ རོང་ཆུ་ཚུ་ ཨ་རྟག་ར་ ཐོབ་མ་ཚུགས་ནི་དེ་གིས་ ཞིང་ནང་ བྱཱ་ཚུ་སྐམ་སྟེ་ ཤིཝ་མས་ཟེར་ མ་ཎི་རྡོ་རྗེ་གིས་སླབ་ཨིན་པས།
ཁོ་གིས་སླབ་མིའི་ནང་ གཞན་འབད་བ་ཅིན་ གཡུས་ཚན་དེ་ནང་ ལྕང་ལཱ་ཚུ་ རང་ཟླ་༤ པའི་ཚེས་མ་རྫོགསཔ་ཅིག་ལས་ར་ མཇུག་བསྡུ་དགོཔ་ཨིན་རུང་ ད་རེས་ ཟླཝ་༥ པ་ཐོན་རུང་ གཡུས་ཚན་གྱི་ བྱཱ་ཞིང་བརྒྱ་ཆ་༣༠ དེ་ཅིག་ནང་ མཇུག་བསྡུ་མ་ཚུགས་པར་ ཡོད་ཟེར་ཨིན་པས།
མ་ཎི་རྡོ་རྗེ་གིས་ ཨ་རྟག་འབད་བ་ཅིན་ ཆུ་ཞིང་གླང་དོ་༥ དེ་ཅིག་ནང་ རྐྱང་ལཱ་རྐྱབ་དོ་ཡོདཔ་ཨིན་རུང་ ད་ལྟོ་ཚུན་ གླང་དོ་༤ ནང་མ་གཏོགས་ རྐྱང་ལཱ་རྐྱབ་མ་ཚརཝ་ལས་ གནམ་གཤིས་གནས་སྟངས་དང་འཁྲིལཝ་ད་ ལྷག་ལུས་གླང་དོ་༡ འབད་མི་དེ་ སྟོངམ་སྦེ་ར་ ལུས་ནི་བཟུམ་ཅིག་འདུག་ཟེར་ཨིནམ་ད་ རོང་ཆུ་ཚུ་ གཡུས་མི་ཚུ་གི་ ཞིང་ཚུ་ནང་ སྐོར་རྒྱབ་སྦེ་ བཙུག་དགོཔ་ལས་ ཧེ་མ་ལས་ བཙུགས་ཚར་མི་ ལྕངམ་ཚུ་ཡང་ སྐམ་སྟེ་ཤིཝ་མས་ཟེར་ཨིན་པས།
ཧེ་མ་ལས་ འཛུགས་སྐྱོང་འབད་ཚར་མི་ ཁོ་གི་ཨ་རིང་ནང་ ལྕངམ་ལེ་ཤ་ཅིག་ར་ ཤི་མི་ལུ་བརྟེན་ ད་རེས་ ལོག་བཙུགཔ་ཨིན་ཟེར་ ཕོ་སྐྱེས་དེ་གིས་ སླབ་ཨིན་པས།
སྐྱེས་ལོ་༦༣ ལང་མི་ མགོན་པོ་ཚེ་རིང་གིས་འབད་བ་ཅིན་ ཁོ་གི་གཡུས་ཁར་ ཞིང་ཆུའི་ ཆུ་གཡུར་ཚུ་མེད་པར་ ཧེ་མ་ལས་ར་ ཆརཔ་རྐྱབ་མིའི་གུ་ ཉེ་འདབས་ཀྱི་ རོང་ཆུ་ཚུ་ སྐོར་རྒྱབ་ཐོག་ ལག་ལེན་འཐབ་ཡོད་རུང་ དུས་ཅི་གི་ དཀའ་ངལ་བཟུམ་ཅིག་ ཧེ་མ་ རྩ་ལས་ར་ མ་ཐོན་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ འདས་པའི་ཉིནམ་དག་པ་ཅིག་གི་ནུབ་མོར་ ཆརཔ་དུམ་གྲ་རེ་རྐྱབ་ཡོདཔ་ཨིན་རུང་ དེ་གིས་ ཕན་ཐོགས་བྱུང་མ་ཚུགསཔ་ད་ རེ་ཚེ་སྐབས་ རོང་ཆུ་ཚུ་དཔག་སྟེ་འབད་རུང་ ས་སྐམ་དྲགས་ནི་དེ་གིས་ གང་ནི་ལུ་ དུས་ཡུན་རིངམོ་སྦེ་ར་ འགོརཝ་མས་ཟེར་ཨིན་པས།
གཡུས་མི་ལ་ལུ་ཅིག་གིས་འབད་བ་ཅིན་ མ་གཞི་ ཆུ་ལངམ་སྦེ་མེད་ས་ལས་ཕར་ སྐམ་བྱཱ་ཚུ་ཡང་ བཙུགས་སྲོལ་ཡོདཔ་ཨིན་རུང་ ཆརཔ་དུམ་གྲ་ཅིག་ཡང་ རྐྱབ་ནི་མེད་པའི་བསྒང་ལས་ སྐམ་བྱཱ་ཚུ་ཡང་ ཤི་དོ་ཡོདཔ་མ་ཚད་ རོང་ཆུ་ཚུ་ཡང་སྐམ་སྟེ་ ཆུང་ཀུ་ཐལ་ནི་དེ་གིས་ དཀའ་ངལ་སྦོམ་སྦེ་ར་ བྱུངམ་མས་ཟེར་ཨིན་པས།
སྐྱེས་ལོ་༥༠ ང་གྲངས་ནང་འབད་མི་ སོ་ནམ་ཞིང་པ་ ཕུར་པ་ལ་གིས་འབད་བ་ཅིན་ ཁོ་གི་ཨ་རིང་ ཕྱེད་ཀ་ཅིག་ནང་ ལྕང་ལཱ་རྐྱབ་ཡོདཔ་ཨིན་རུང་ ཕྱེད་ཀ་ཅིག་ ཆུ་མེད་མི་ལུ་བརྟེན་ སྐམ་ཀྲོག་ཀྲོ་སྦེ་ར་ ལུས་སོ་ཡི་ཟེར་ཨིནམ་ད་ གལ་སྲིད་ ད་ལས་ཕར་ ཆརཔ་རྐྱབ་སྟེ་འབད་རུང་ བྱཱ་གི་ལྕངམ་ཚུ་ རུལ་འགྱོ་མི་ལུ་བརྟེན་ ལྕངམ་མི་ཐོབ་ནི་མས་ཟེར་ཨིན་པས།
འབུམ་སྡེ་གླིང་ཐང་ནང་ཡོད་པའི་ཨ་རིང་ཚུ་ ནག་པོ་ལ་གཙང་ཆུ་ལས་ ཆུ་འཐེན་ཏེ་ཡོད་མི་ལུ་བརྟེན་ ཧེ་མ་ལས་ ལྕང་ལཱ་རྐྱབ་ཚར་ཏེ་ ད་རེས་ གཡུར་མ་ཐེངས་དང་པ་དེ་ཡང་ རྐྱབ་དོ་ཡོདཔ་ཨིན་པས།
འབུམ་སྡེ་གླིང་ལུ་ བྱཱ་གི་སོན་ཚུ་ རང་ཟླ་༡ པའི་ནང་བཏབ་ཐོག་ལས་ རང་ཟླ་༤ པའི་ཚེས་མ་རྫོགསཔ་ལས་ སྤོ་བཤུད་འབད་དེ་ བཙུགས་ཚར་དགོཔ་ཨིན་རུང་ དུས་ཅི་ དུས་ཚོད་ཕྱིས་མི་ལུ་བརྟེན་ གལ་སྲིད་བྱཱ་ཚུ་ ལེགས་ཤོམ་སྦེ་སྐྱེ་རུང་ རང་ཟླ་༩ པའི་ནང་ བསྡུ་མ་ཚུགས་པ་ཅིན་ བ་མོ་གིས་ བཤུར་གཏང་ནིའི་ ཚ་གྱང་ཡོད་ཟེར་ གཡུས་མི་རྒན་ཤོས་ཅིག་གིས་ སླབ་ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment