གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དམངས་དངུལ་སྒེར་སྤྱོད་འབད་མི་ཚུ་ལུ་ བཙོན་ཁྲིམས་མཐོ་ཤོས་ ལོ་༡༡ བཀལ་ཡོདཔ།



རྫོང་ཁག་ཁྲིམས་འདུན་གྱིས་ ཉེས་ལས་ནང་ འབྲེལ་གནད་ཡོད་མི་ཚུ་ལུ་ ཉེས་འཛུགས་མ་འབད་བས་ཟེར་ འཁྲུན་ཆོད་ནང་བཀོད་ནུག།


༉ གསར་སྤང་རྫོང་ཁག་ཁྲིམས་འདུན་གྱིས་ དགེ་ལེགས་ཕུག་ལུ་ འབྲུག་རྒྱལ་ཡོངས་དངུལ་ཁང་གི་ ཡན་ལག་དངུལ་ཁང་ནང་ དངུལ་ཀྲམ་ས་ཡ་༡༡.༩༥ ཚུལ་མིན་སྒེར་སྤྱོད་འབད་བའི་ རྩོད་དོན་སྐོར་ལས་ དུས་ཡུན་ཟླ་ངོ་༩ དེ་ཅིག་གི་རིང་ སྙན་གསན་ཞིབ་པར་ མཛད་པའི་ཤུལ་ལུ་ སྤྱི་ཟླ་༦ པའི་ཚེས་༨ ལུ་ དྲུང་ཁག་ཁྲིམས་འདུན་གྱི་ བཙོན་ཁྲིམས་འཁྲུན་ཆོད་ལུ་ བསྒྱུར་བཅོས་མེད་པར་ གཞི་འཛིན་འབད་ཡོདཔ་ཨིན་པས།


དེ་ཡང་ རྩོད་ཟླ་ཚུ་གིས་ ཐོག་མའི་འཁྲུན་ཆོད་ལུ་ ཁེ་རྒུད་མ་བཏུབ་པར་ མཐོ་གཏུགས་འབད་མིའི་ གནད་དོན་ཚུ་ག་ར་ ཁྲིམས་འདུན་གྱིས་ ཕྱིར་འབུད་བཏང་ནུག།
དེ་འབདཝ་ད་ རྩོད་ཟླ་ཚུ་གིས་ ཁོང་ལུ་ རྩ་ཁྲིམས་ཆེན་མོ་དང་ ཁྲིམས་ཀྱི་བྱ་རིམ་ཚུ་དང་འཁྲིལ་ ཐོབ་དབང་ཡོད་མི་ཚུ་ ཐོབ་བརྗོད་བཀོད་མི་དང་ ཁྲིམས་དང་འབྲེལ་བའི་ དྲི་བ་མང་རབས་ཅིག་ བཀོད་མི་ལུ་ ཁྲིམས་འདུན་གྱིས་ ལན་རྐྱབ་པ་གིས་མ་ཚད་པར་ དམངས་དངུལ་སྒེར་སྤྱོད་ནང་ འབྲེལ་གནད་ཡོད་མི་ དཔེར་ན་ འབྲུག་རྒྱལ་ཡོངས་དངུལ་ཁང་གི་ འཛིན་སྐྱོང་དང་ ཁྲིམས་སྲུང་འགག་པའི་སྡེ་འཛིན་ དེ་ལས་ སྐྱིན་འགྲུལ་ལེན་མི་ ཁག་འབགཔ་གཞན་༢ ལུ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཉེས་བཤེར་མ་འབད་བར་ བཞག་དགོ་པའི་ རྒྱུ་ངན་ག་ཅི་ཨིན་ན་ དྲི་བཀོད་དང་བཅས་ ཁྲིམས་ཀྱི་བཀའ་རྒྱ་ལེ་ཤ་གནང་ཡོདཔ་ཨིན་པས།
ཤོག་གྲངས་༣༠༥ འབད་མི་ འཁྲུན་ཆོད་དང་འཁྲིལཝ་ད་ རྩོད་ཟླ་༥ པོ་ཆ་ར་ དམངས་དངུལ་སྒེར་སྤྱོད་ནང་ ཉེས་ལས་འཐབ་ཡོད་པའི་ ཐེ་ཚོམ་དང་བྲལ་བའི་ སྒྲུབ་བྱེད་ཀྱི་ མངོན་རྟགས་ཐོན་ཡོདཔ་ལས་ ཉེས་ལས་འཐབ་མི་ གཙོ་ཅན་༢ དང་ ཉེས་ལས་ཀྱི་ འབྲེལ་བ་ཅན་༣ ལུ་ བཙོན་ཁྲིམས་ལོ་ངོ་༣ དང་ཟླཝ་༦ ལས་ ལོ་ངོ་༡༡ ཚུན་བཀལ་ནུག།
ཉེས་ལས་འཐབ་མི་གཙོ་ཅན་ ཡན་ལག་དངུལ་ཁང་གི་ ཉེན་ལེན་འཛིན་སྐྱོང་པ་ སངས་རྒྱས་རྡོ་རྗེ་དེ་ དམངས་དངུལ་ས་ཡ་༡༡.༩༥ སྒེར་སྤྱོད་དང་ ཡིག་ཚང་གི་ བྱ་སྤྱོད་ཚུལ་མིན་འཐབ་པའི་ ཉེས་པ་ལུ་བརྟེན་ བཙོན་ཁྲིམས་ལོ་༡༡ ཕོག་ཡོདཔ་ད་ དངུལ་ཁང་གི་ འགོ་དཔོན་ལས་རོགས་ མོ་ན་རཱཐ་ ཨ་ཅ་རི་ཡ་གིས་ ཚུལ་མིན་ལག་ལེན་སྐོར་ལས་ ཤེས་རྟོགས་བྱུང་ཡོད་རུང་ འབྲེལ་ཡོད་དབང་འཛིན་ལུ་ སྙན་ཞུ་མ་འབད་བའི་ཁར་ ཡིག་ཚང་གི་ བྱ་སྤྱོད་ཚུལ་མིན་འཐབ་མི་ལུ་བརྟེན་ བཙོན་ཁྲིམས་ལོ་༥ བཀལ་ཡོདཔ་ཨིན་པས།
ཉེས་བཤེར་འབད་མི་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཁྲིམས་འདུན་ལུ་ ཞུ་མིའི་ནང་ རྩོད་ཟླ་སངས་རྒྱས་རྡོ་རྗེ་དང་ མོ་ན་རཱཐ་ ཨ་ཅ་རི་ཡ་ལུ་ མ་དངུལ་ཚུལ་མིན་སྤྱོད་མི་དང་ དབང་ཚད་ལོག་སྤྱོད་ བློ་གཏད་མེདཔ་བཟོ་བ་ དེ་ལས་ ཁྲིམས་འགལ་གྱི་ཐོག་ལས་ དམངས་དངུལ་ས་ཡ་༡༡.༩༥ རྩོད་ཟླའི་མཉམ་རོགས་༤ ལུ་ འཛིན་གྲོལ་འབད་ཡོད་པའི་ ཉེས་པ་ཁག་༤ ཕོག་དགོ་ཟེར་ཨིནམ་ད་ དེ་ཡང་ ཁོང་༢ ཀྱིས་ རྩོད་ཟླའི་མཉམ་རོགས་ པ་སངས་ཏ་མང་ལུ་ དངུལ་ཀྲམ་ས་ཡ་༩.༣༠ དང་  ཕུན་ཚོགས་སྟོབས་རྒྱས་ལུ་ དངུལ་ཀྲམ་ས་ཡ་༡.༡༥༠ རྣམ་རྒྱལ་རྡོ་རྗེ་ལུ་ དངུལ་ཀྲམ་ས་ཡ་༡ དེ་ལས་ ཚེ་དབང་ལ་ལུ་ དངུལ་ཀྲམ་ས་ཡ་༠.༥ སྤྲོད་ཡོདཔ་ཨིན་པས།
རྩོད་ཟླའི་མཉམ་རོགས་ག་ར་ ཁག་འབགཔ་ཨིནམ་ད་ ཚེ་དབང་ལ་མ་གཏོགས་ པ་སངས་ཏ་མང་དེ་ བཙོན་ཁྲིམས་ལོ་༤ ཕོག་ཡོདཔ་མ་ཚད་ རྩོད་ཟླའི་མཉམ་རོགས་ ཕུན་ཚོགས་སྟོབས་རྒྱས་དང་ རྣམ་རྒྱལ་རྡོ་རྗེ་གཉིས་ལུ་ བཙོན་ཁྲོམས་ལོ་༣ དང་ཟླཝ་༦ རེ་ཕོག་ཡོདཔ་ཨིན་པས།
ཚེ་དབང་ལ་གི་ཐད་ལུ་ ད་ལྟོ་ ལྷུན་རྩེ་རྫོང་ཁག་ནང་ ཉེས་བཤེར་འབད་བའི་བསྒང་ཡོདཔ་ལས་ བདག་སྐྱོང་དང་འབྲེལ་བའི་ བྱ་སྟབས་བདེ་ནིའི་དོན་ལུ་ གནས་སྐབས་ཅིག་ ཕྱིར་བཤོལ་སྦེ་ བཞག་གནང་དགོཔ་སྦེ་ ཉེས་བཤེར་འབད་མིའི་ ཁ་ཐུག་ལས་ ཞུ་བ་འབད་མི་དང་འཁྲིལ་ ཁྲིམས་འདུན་གྱིས་ ངོས་ལེན་མཛད་ཡོདཔ་ཨིན་པས།
མ་དངུལ་ཚུལ་མིན་ཐོག་ལས་ སྤྱོད་མིའི་སྐོར་ལས་ སྤྱི་ལོ་༢༠༡༠ ཟླཝ་༡༡ པའི་ཚེས་༢ ལས་༧ ཚུན་ ཐིམ་ཕུ་ལས་ འབྲུག་རྒྱལ་ཡོངས་དངུལ་ཁང་གི་ རྩིས་ཞིབ་སྡེ་ཚན་ཅིག་གིས་ ནང་འཁོད་རྩིས་ཞིབ་འབདཝ་ད་ དངུལ་རྩིས་དང་ ཡིག་ཆ་ཚུ་ ཀྲིག་ཀྲི་ཡོདཔ་ལས་ རྩིས་ལྷག་ཆད་ཀྱི་ སྐྱོན་ག་ནི་ཡང་ བདའ་མ་ཟུན་རུང་ མིང་གསལ་སྟོན་མ་འབད་མི་གིས་ མ་དངུལ་སྒེར་སྤྱོད་འབད་བའི་ སྙན་ཞུ་འབད་མི་དང་འཁྲིལ་ ནང་འཁོད་རྩིས་ཞིབ་སྡེ་ཚན་དེ་ ལོག་དགེ་ལེགས་ཕུག་ལུ་སོང་སྟེ་ སྤྱི་ཟླ་༡༢ པའི་ཚེས་༡༣ ལུ་ ཧང་སྟོང་མ་སྦེ་ རྩིས་ཞིབ་འབདཝ་ད་ དངུལ་ཀྲམ་ས་ཡ་༡༡.༩༥ ཆད་ཐོན་སོཔ་ཨིན་པས།
ད་རུང་ ནང་འཁོད་རྩིས་ཞིབ་སྡེ་ཚན་གྱིས་ ཚེས་གྲངས་མ་བཀོད་པའི་ དངུལ་ཀྲམ་ས་ཡ་༢.༣༠ དང་ དངུལ་ཀྲམ་ས་ཡ་༢.༡༢ འབད་མི་ དངུལ་འཛིན་ཅེག་༢ གུ་ རྩོད་ཟླའི་མཉམ་རོགས་ པ་སངས་ཏ་མང་གིས་ རང་གི་ཟེར་བཀོད་དེ་ སྤྲོད་ཡོད་མི་ཡང་ དངུལ་ཁང་གི་ ཏི་རུ་བཞག་ས་ལས་ ཐོབ་ཡོདཔ་མ་ཚད་ དེ་དང་གཅིག་ཁར་ ཚེ་དབང་ལ་གིས་ རང་གི་ཟེར་བཀོད་དེ་སྤྲོད་ཡོད་མི་ དངུལ་ཀྲམ་འབུམ་༥ འབད་མི་ དངུལ་འཛིན་ཅེག་༣ པ་དེ་ཡང་ ཐོབ་ཡོདཔ་ཨིན་པས།
རྩོད་ཟླ་༢ ཀྱིས་ དངུལ་འཛིན་ཅེག་དེ་ཚུ་གི་ཐོག་ལས་ རྩོད་ཟླའི་མཉམ་རོགས་ཚུ་ལུ་ རང་སོའི་དངུལ་ཁང་གི་ རྩིས་དེབ་ནང་ མ་དངུལ་ལངམ་མེད་རུང་ ཏི་རུ་སྤྲོད་ཡོད་པའི་ ངོས་འཛིན་བྱུང་ཡོདཔ་མ་ཚད་ དངུལ་ཀྲམ་ས་ཡ་༧.༠༣ ཆད་ཐོན་མི་ལུ་ ཡིག་ཆ་ག་ནི་ཡང་མེདཔ་ཨིན་པས།
རྩོད་ཟླ་སངས་རྒྱས་རྡོ་རྗེ་དང་ མོ་ན་རཱཐ་ ཨ་ཅ་རི་ཡ་༢ ཆ་ར་གིས་ ཉེས་ལས་འཐབ་པའི་ རྫུན་ཁ་བཟེད་མི་དང་འཁྲིལ་ རྩིས་ཞིབ་ཀྱིས་ ཧང་སྟོང་མར་སྦེ་ རྩིས་ཞིབ་འབད་བའི་ ཉིན་མ་ར་ འཛིན་བཟུང་འབད་དེ་ དོ་དམ་འོག་ལུ་ བཞག་ཡོད་རུང་ ཁོང་གིས་ སྒེར་སྤྱོད་འབད་མི་ དངུལ་འབོར་དེ་ ལོག་བཙུགས་མི་ལུ་བརྟེན་ དེ་གི་ནངས་པར་ ལོག་བཏང་པའི་ཁར་ དགེ་ལེགས་ཕུག་ཁྲིམས་སྲུང་འགག་པ་གིས་ཡང་ རྩོད་དོན་དེ་ ཕྱིར་བཏོན་འབད་ཡོདཔ་ཨིན་པས།
དེ་འབདཝ་ད་ ཐིམ་ཕུ་ལས་ ཁྲིམས་སྲུང་འགག་སྡེའི་ དམིགས་བསལ་སྡེ་ཚན་ཅིག་འོང་སྟེ་ སྤྱི་ལོ་༢༠༡༠ ཟླཝ་༡༢ པའི་ཚེས་༢༥ ལུ་ རྩོད་ཟླ་༢ ཆ་ར་ ལོག་འཛིན་བཟུང་འབད་ཡོདཔ་ཨིན་པས།
འཁྲུན་ཆོད་དང་འཁྲིལ་བ་ཅིན་ མ་དངུལ་སྒེར་སྤྱོད་འབད་མི་དེ་ ཁྲིམས་འགལ་གྱི་ ལག་ལེན་ཅིག་ཨིན་རུང་ དགེ་ལེགས་ཕུག་ཁྲིམས་སྲུང་འགག་སྡེའི་སྡེ་འཛིན་ ཀརྨ་ཚེ་རིང་གིས་ རྩོད་ཟླ་༢ འཛིན་བཟུང་འབད་བའི་ཤུལ་ལུ་ མ་དངུལ་ཆད་ཐོན་མི་ཚུ་ ལོག་བཙུགས་ཏེ་ དོ་དམ་འོག་ལས་ བཏང་མི་དེ་ བྱ་བའི་གནད་སྤྱོད་དང་ ཁྲིམས་སྲུང་འགག་པའི་ བཅའ་ཁྲིམས་ལས་ འགལ་ཡོདཔ་ལས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ སྡེ་འཛིན་ལུ་ ཉེས་བཤེར་འབད་དགོཔ་ཨིན་རུང་ མ་འབད་བས་ཟེར་ཨིན་པས།
དེ་མ་ཚད་ རྩོད་ཟླའི་མཉམ་རོགས་ཚུ་གིས་ མ་དངུལ་ཚུ་ དངུལ་ཁང་ནང་ལས་ ཚུལ་མིན་ཐོག་ ལེན་ཡོད་རུང་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ འཛིན་བཟུང་འབད་དེ་ དོ་དམ་འོག་ལུ་ མ་བཞག་མིའི་ གནད་དོན་ག་ཅི་ཨིན་ན་ དྲི་བཀོད་ཚུ་ཡང་ འབད་ཡོད་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

No comments:

Post a Comment