གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འབྲུག་རྒྱལ་ཡོངས་དངུལ་ཁང་གི་ ལས་བྱེདཔ་༢ ཀྱིས་མཐོ་གཏུགས།

མཐོ་གཏུགས་འབད་དགོ་མི་དེ་ཡང་ རྫོང་ཁག་ཁྲིམས་འདུན་གྱིས་ བཙོན་ཁྲིམས་མར་ཕབ་ མཛད་མ་བཏུབ་མི་ལུ་བརྟེན་ཨིན་པས།

༉ དགེ་ལེགས་ཕུག་ལུ་ཡོད་མི་ འབྲུག་རྒྱལ་ཡོངས་དངུལ་ཁང་གི་ ཡན་ལག་དངུལ་ཁང་ནང་གི་ འགོ་དཔོན་༢ ཀྱིས་ དངུལ་ཀྲམ་ས་ཡ་༡༡.༩༥ སྒེར་སྤྱོད་འབད་མི་ལུ་བརྟེན་ བདུན་ཕྲག་ཧེ་མའི་ནང་ གསར་སྤང་རྫོང་ཁག་ཁྲིམས་འདུན་གྱིས་ དྲུང་ཁག་ཁྲིམས་འདུན་གྱི་ འཁྲུན་ཆོད་ལུ་ བསྒྱུར་བཅོས་མེད་པར་ གཞི་འཛིན་འབད་ནི་དེ་གིས་ རྩོད་ཟླ་༢ ཀྱིས་ སྤྱི་ཟླ་༦ པའི་ཚེས་༡༢ ལུ་ ཆེ་མཐོ་ཁྲིམས་འདུན་ལུ་ མཐོ་གཏུགས་འབད་ནིའི་དོན་ལས་ ཞུ་ཡིག་བཙུགས་ཡོདཔ་ཨིན་པས།


དེ་ཡང་ ཉེས་ལས་འཐབ་མི་གཙོ་ཅན་ ཡན་ལག་དངུལ་ཁང་གི་ ཉེན་ལེན་འཛིན་སྐྱོང་པ་ སངས་རྒྱས་རྡོ་རྗེ་དང་ དངུལ་ཁང་གི་ འགོ་དཔོན་ལས་རོགས་ མོ་ན་རཱཐ་ ཨ་ཅ་རི་ཡ་༢ ཀྱིས་ ན་ཧིང་ སྤྱི་ཟླ་༩ པའི་ནང་ དགེ་ལེགས་ཕུག་དྲུང་ཁག་ཁྲིམས་འདུན་གྱིས་ བཙོན་ཁྲིམས་བཀལ་མིའི་ དུས་ཡུན་དེ་ མཐོ་དྲགས་མི་ལུ་བརྟེན་ ཁེ་རྒུད་མ་བཏུབ་པར་ རྫོང་ཁག་ཁྲིམས་འདུན་ལུ་ མཐོ་གཏུགས་འབད་རུང་ བཙོན་ཁྲིམས་ཀྱི་ ལོ་ཚད་མར་ཕབ་མཛད་མ་བཏུབ་ནི་དེ་གིས་ མཐོ་གཏུགས་འབདཝ་ཨིན་ཟེར་ ཞུ་ཡིག་ནང་ གསལ་བཀོད་འབད་ཡོདཔ་ཨིན་པས།
སྤྱི་ཟླ་༦ པའི་ཚེས་༨ ལུ་བཏོན་མི་ འཁྲུན་ཆོད་དང་འཁྲིལཝ་ད་ རྩོད་ཟླ་༢ ཀྱིས་ དྲུང་ཁག་ཁྲིམས་འདུན་གྱི་ འཁྲུན་ཆོད་ལུ་ ངོས་ལེན་མེད་པར་ མཐོ་གཏུགས་འབད་མིའི་ གནད་དོན་ཚུ་ག་ར་ ཁྲིམས་འདུན་གྱིས་ ཕྱིར་འབུད་བཏང་ནུག།
སྤྱི་ལོ་༢༠༡༠ ཟླཝ་༡༢ པའི་ནང་ རྩོད་ཟླ་སངས་རྒྱས་རྡོ་རྗེ་གིས་ དངུལ་ཁང་ནང་ལས་ དམངས་དངུལ་ས་ཡ་༡༡.༩༥ སྒེར་སྤྱོད་དང་ ཡིག་ཚང་གི་ བྱ་སྤྱོད་ཚུལ་མིན་འཐབ་པའི་ ཉེས་པ་ལུ་བརྟེན་ ཐོག་མའི་ཁྲིམས་འདུན་གྱིས་ ཁོ་ལུ་ བཙོན་ཁྲིམས་ལོ་༡༡ བཀལ་ཡོདཔ་ད་ རྩོད་ཟླ་མོ་ན་རཱཐ་ ཨ་ཅ་རི་ཡ་གིས་ དམངས་དངུལ་སྒེར་སྤྱོད་འབད་བའི་སྐོར་ ཤེས་རྟོགས་བྱུང་ཡོད་རུང་ དབང་འཛིན་འགོ་དཔོན་ལུ་ སྙན་ཞུ་མ་འབད་བའི་ཁར་ ཡིག་ཚང་གི་ བྱ་སྤྱོད་ཚུལ་མིན་འཐབ་མི་ལུ་བརྟེན་ བཙོན་ཁྲིམས་ལོ་༥ ཕོག་ཡོདཔ་ཨིན་པས།
ཉེས་བཤེར་འབད་མི་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ དངུལ་ཁང་གི་ འགོ་དཔོན་དེ་གཉིས་ལུ་ མ་དངུལ་ཚུལ་མིན་སྤྱོད་མི་དང་ དབང་ཚད་ལོག་སྤྱོད་ བློ་གཏད་མེདཔ་བཟོ་བ་ དེ་ལས་ ཁྲིམས་འགལ་གྱི་ཐོག་ལས་ དམངས་དངུལ་ས་ཡ་༡༡.༩༥ རྩོད་ཟླའི་མཉམ་རོགས་༤ ལུ་ འཛིན་གྲོལ་འབད་ཡོད་པའི་ ཉེས་པ་ཁག་༤ བཀལ་ཡོདཔ་ད་ དེ་ཡང་ སངས་རྒྱས་རྡོ་རྗེ་དང་ མོ་ན་རཱཐ་ ཨ་ཅ་རི་ཡ་༢ ཀྱིས་ ཁག་འབགཔ་ཨིན་མི་ རྩོད་ཟླའི་མཉམ་རོགས་ པ་སངས་ཏ་མང་ལུ་ དངུལ་ཀྲམ་ས་ཡ་༩.༣༠ དང་  ཕུན་ཚོགས་སྟོབས་རྒྱས་ལུ་ དངུལ་ཀྲམ་ས་ཡ་༡.༡༥༠ རྣམ་རྒྱལ་རྡོ་རྗེ་ལུ་ དངུལ་ཀྲམ་ས་ཡ་༡ དེ་ལས་ ཚེ་དབང་ལ་ལུ་ དངུལ་ཀྲམ་ས་ཡ་༠.༥ སྤྲོད་ཡོདཔ་ཨིན་པས།
ཉེས་ལས་ལུ་ ཕན་གྲོགས་འབད་མི་ རྩོད་ཟླའི་མཉམ་རོགས་ པ་སངས་ཏ་མང་དེ་ བཙོན་ཁྲིམས་ལོ་༤ ཕོག་ཡོདཔ་མ་ཚད་ ཕུན་ཚོགས་སྟོབས་རྒྱས་དང་ རྣམ་རྒྱལ་རྡོ་རྗེ་༢ ལུ་ བཙོན་ཁྲོམས་ལོ་༣ དང་ཟླཝ་༦ རེ་ཕོག་ཡོདཔ་ད་ འཁྲུན་ཆོད་དེ་ལུ་ བསམ་པ་མ་རྫོགས་པ་ཅིན་ ཁོང་༣ ལུ་ མཐོ་གཏུགས་འབད་ནི་གི་ ཉིན་གྲངས་༦ ཡོདཔ་ཨིན་པས།
དམངས་དངུལ་སྒེར་སྤྱོད་འབད་མིའི་སྐོར་ལས་ སྤྱི་ལོ་༢༠༡༠ ཟླཝ་༡༡ པའི་ཚེས་༢ ལས་༧ ཚུན་ ཐིམ་ཕུ་ལས་ འབྲུག་རྒྱལ་ཡོངས་དངུལ་ཁང་གི་ རྩིས་ཞིབ་སྡེ་ཚན་ཅིག་གིས་ ནང་འཁོད་རྩིས་ཞིབ་འབདཝ་ད་ དངུལ་རྩིས་དང་ ཡིག་ཆ་ཚུ་ ཀྲིག་ཀྲི་ཡོདཔ་ལས་ རྩིས་ལྷག་ཆད་ཀྱི་ སྐྱོན་ག་ནི་ཡང་ བདའ་མ་ཟུན་རུང་ སྙན་ཞུ་ཐོབ་མི་དང་འཁྲིལ་ ནང་འཁོད་རྩིས་ཞིབ་སྡེ་ཚན་དེ་ ལོག་དགེ་ལེགས་ཕུག་ལུ་སོང་སྟེ་ སྤྱི་ཟླ་༡༢ པའི་ཚེས་༡༣ ལུ་ ཧང་སྟོང་མ་སྦེ་ རྩིས་ཞིབ་འབདཝ་ད་ དངུལ་ཀྲམ་ས་ཡ་༡༡.༩༥ ཆད་ཐོན་པའི་སྐབས་ ཤེས་རྟོགས་བྱུང་ཡོད་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

No comments:

Post a Comment