གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྲིད་ཚོགས་གསརཔ་༤ པ་ བྷུ་ཊཱན་ཀུན་མཉམ་པར་ཊི།

འབྲུག་ལུ་ ཐོ་བཀོད་ཅན་གྱི་ སྲིད་ཚོགས་༢ ཡོད་པའི་གུ་ སྲིད་ཚོགས་གསརཔ་༤ པ་ བྷུ་ཊཱན་ཀུན་མཉམ་པར་ཊི་གིས་ ཁ་ཙ་ སང་ཕོད་ཀྱི་ རྒྱལ་ཡོངས་བཙག་འཐུ་ནང་ དོ་འགྲན་འབད་ནི་གི་ དང་འདོད་གསལ་བཀོད་འབད་ཡི།

བསོད་ནམས་སྟོབས་རྒྱས་ཀྱིས་ བྷུ་ཊཱན་ཀུན་མཉམ་པར་ཊི་གི་ ལས་རྟགས་གསལ་སྟོན་འབད་བའི་བསྒང་།
༉ སྤྱི་ལོ་༢༠༡༣ གྱི་ རྒྱལ་ཡོངས་བཙག་འཐུ་ནང་ བཅའ་མར་གཏོགས་ནིའི་དོན་ལུ་ ད་རུང་ སྲིད་ཚོགས་གསརཔ་ཅིག་གིས་ ཁ་ཙ་ བརྡ་བརྒྱུད་ཚུ་ལུ་ ཁོང་རའི་ སྲིད་ཚོགས་ཀྱི་མིང་དང་ ལས་རྟགས་ཚུ་ གསལ་སྟོན་འབད་ཡི།
དེ་ཡང་ སྲིད་ཚོགས་གསརཔ་༤ པ་ བྷུ་ཊཱན་ཀུན་མཉམ་པར་ཊི་གི་མགྲིན་ཚབ་ བསོད་ནམས་སྟོབས་རྒྱས་ཀྱིས་ སླབ་མིའི་ནང་ ཁོང་གི་ སྲིད་ཚོགས་ཀྱིས་ དཔལ་འབྱོར་གོང་འཕེལ་གཏང་ནི་ལུ་ བརྩོན་ཤུགས་བསྐྱེད་ནི་ཟེར་ཨིནམ་ད་ ཨིན་རུང་ ལས་རྟགས་ཀྱི་ གསལ་བཤད་དང་འཁྲིལ་བ་ཅིན་ ལྟ་བ་དེ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ ཀ་ཆེན་༤ ལས་ ལོགས་སུ་མེད་པའི་ མངོན་གསལ་བྱུང་ཡི།



སྲིད་ཚོགས་ཀྱི་ ལས་རྟགས་དེ་ ཁ་དོག་སྣ་༥ འི་ཐིག་ཁྲ་གིས་ སྒོར་བའི་སྦུག་ལུ་ ནོར་བུའི་དབྱིབས་སེརཔོ་དེ་ རྩ་བ་༣ ལུ་ ཐ་དམ་ཚིག་ཅན་གྱི་ སྔར་སྲོལ་གྱིས་ཕྱུག་པའི་ངོ་རྟགས་དང་ ཁ་དོག་ལྗང་ཁུ་སྦེ་ཡོད་མི་དེ་ རང་བཞིན་ཐོན་སྐྱེད་ཉམས་སྲུང་ཐོག་ ཡུན་བརྟན་གོང་འཕེལ་གཏང་ནི་ལུ་ བརྩོན་ནིའི་ངོ་རྟགས་ཨིན་པས།
དེ་ལས་ རྒྱ་སྨུག་སྦེ་ཡོད་མི་དེ་ གོ་སྐབས་འདྲ་མཉམ་དང་ སྤྱི་སྙམས་ཀྱི་ མི་སྡེའི་དཔལ་འབྱོར་གོང་འཕེལ་དང་ དམརཔོ་དེ་ བརྩེ་གདུང་མཚོན་པའི་ཁ་དོག་ཨིནམ་ལས་ ཚོགས་པ་གིས་ རྒྱལ་ཁབ་ཀྱི་ཕན་བདེ་ལུ་ གཅིག་སྒྲིལ་གྱི་ངོ་རྟགས་དང་ སྦུག་ལུ་ཁ་དོག་ཧོནམོ་ཡོད་མི་དེ་ གཞུང་སྐྱོང་ལེགས་ལྡན་གྱི་ངོ་རྟགས་ ཨིན་ཟེར་ཨིན་པས།
ཕྱི་སྐོར་ལུ་ ཁ་དོག་༥ པོ་དེ་ སླ་མ་བསྲེས་པར་ གཅིག་སྒྲིལ་ཐོག་ སྒོར་སྒོར་སྦེ་ཡོད་མི་དེ་ དོན་ཚན་དེ་ཚུ་ག་ར་ གཅིག་སྒྲིལ་ཐོག་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལུ་ གཙོ་བོར་བཏོན་པའི་ རྟགས་མཚན་ཨིན་ཟེར་ཨིན་པས།
དེ་ཡང་ སྲིད་དོན་ཚུ་ ཆ་མཉམ་དང་ཁྱད་པར་མེད་པའི་ གནས་སྟངས་ཅིག་ཨིནམ་ལས་ སྲིད་ཚོགས་གཞན་དང་མ་འདྲ་བའི་ སོ་སོར་ཅིག་ ག་ཅི་ཡོད་ག་ཟེར་བའི་སྐབས་ བསོད་ནམས་སྟོབས་རྒྱས་ཀྱིས་འབད་བ་ཅིན་ སྲིད་ཚོགས་དེ་གིས་ གཙོ་བོ་ར་ ནང་འཁོད་ཀྱི་འཐུས་མི་ཚུ་ག་ར་ རྒྱལ་ཁབ་ཀྱི་ཞབས་ཏོག་ལུ་ རང་སོའི་ཁེ་འབབ་དང་ དལ་དབང་བློས་གཏང་ནུམ་པའི་ སེམས་ཤུགས་ཅན་ཚུ་གིས་ མཉམ་འབྲེལ་འབད་ནི་ལུ་ གཙོ་བོར་བཏོན་ཏེ་ ཁྱད་པར་བཟོ་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།
ཚོགས་པའི་འདེམས་ངོའི་ གྲ་སྒྲིག་ཚུ་ ག་དེ་སྦེ་ར་ སོང་ཡོདཔ་ཨིན་ན་ཟེར་བའི་སྐབས་ སླབ་མ་བཏུབ་ཨིན་རུང་ མགྲིན་ཚབ་དེ་གིས་འབད་བ་ཅིན་ ཁོང་གི་སྲིད་ཚོགས་དེ་ བརྡ་བརྒྱུད་ལུ་ གསལ་བསྒྲགས་འབད་འོས་པའི་ འདེམས་ངོའི་གྱངས་ཁ་ ཧ་ལམ་ གྲ་སྒྲིག་ཡོད་ཟེར་བཤད་ཅི།
དེ་བཟུམ་སྦེ་ སྲིད་ཚོགས་ཀྱི་ཁྲི་འཛིན་ཡང་ འདི་ཨིན་ཟེར་ མེདཔ་ཨིན་རུང་ ཁོ་གིས་འབད་བ་ཅིན་ ཁོང་གི་ སྲིད་ཚོགས་ཀྱི་འཐུས་མིའི་གྲས་ཁར་ ལྕོགས་གྲུབ་ཅན་གྱི་ འགོ་ཁྲིད་པའི་ འོས་ངོ་ལེ་ཤ་ཡོདཔ་ལས་ བཙག་འཐུ་ལྷན་ཚོགས་དང་གཅིག་ཁར་ ཐོ་བཀོད་འབད་ཞིནམ་ལས་ ལམ་ལུགས་བསྟར་དུ་ ཁྲི་འཛིན་ཡང་ བཙག་འཐུ་འབད་དེ་ ཚོགས་པའི་འདེམས་ངོ་ཚུ་ གསལ་བཀོད་འབད་འོང་ཟེར་ སླབ་ཨིན་པས།
ཁོང་གི་སྲིད་ཚོགས་ཀྱིས་ ལོ་༢ དེ་ཅིག་གི་ ཧེ་མ་ལས་ར་ གཞི་རྟེན་གྱི་ལཱ་ཚུ་འབད་ནི་ འགོ་བཙུགས་ཏེ་ དུས་ཚོད་ཡུན་རིངམོ་སྦེ་ར་ སོང་ཡོདཔ་ལས་ གྲུབ་འབྲས་ལེགས་ཤོམ་འབྱུང་ཚུགས་པའི་ རེ་བ་ཡོདཔ་མ་ཚད་ སྲིད་ཚོགས་ནང་ སྲིད་ཚོགས་གཞན་ལས་འོང་མི་  འདེམས་ངོ་དང་འཐུས་མི་ཚུ་ ག་ཡང་མེད་པར་ གཞན་དང་འབྲེལ་བ་མེད་པའི་ སྲིད་ཚོགས་གསརཔ་ཅིག་ཨིན་ཟེར་བཤད་ཅི།
སྲིད་ཚོགས་གསརཔ་དེ་གིས་ བརྡ་བརྒྱུད་ཐོག་ལས་ མི་སེར་ཚུ་ བཙག་འཐུ་ནང་ བཅའ་མར་གཏོགས་ནི་གི་ དང་འདོད་གསལ་བཀོད་འབདཝ་དང་འབྲེལ་ འབྲུག་ལུ་ ཐོ་བཀོད་ཅན་གྱི་སྲིད་ཚོགས་ འབྲུག་ཕུན་སུམ་ཚོགས་པ་དང་ མེ་སེར་དམངས་གཙོ་ཚོགས་པ་༢ དེ་ལས་ ད་ལྟོ་ ཐོ་བཀོད་མ་འབད་རུང་ དང་འདོད་གསལ་བཀོད་འབད་མི་ སྲིད་ཚོགས་གསརཔ་ བྷུ་ཊཱན་ཀུན་མཉམ་པར་ཊི་དང་ འབྲུག་མཉམ་རུབ་ཚོགས་པ་ འབྲུག་སྤྱི་དབང་ཚོགས་པ་ དེ་ལས་ འབྲུག་མི་སེར་ཚོགས་པ་བཅས་ བསྡོམས་སྲིད་ཚོགས་༦ དེ་ཅིག་གིས་ ཤུལ་མའི་ རྒྱལ་ཡོངས་བཙག་འཐུའི་ནང་ དོ་འགྲན་འབད་ནི་ཨིན་པའི་གནས་ཚུལ།

བསམ་གཏན་ཡེ་ཤེས།

No comments:

Post a Comment