གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྤུ་ན་གཙང་ཆུ་ལས་འགུལ་ལུ་ ནང་འཁོད་ལས་ཐོན་མི་ ཚོད་བསྲེ་བཀྲམ་སྤེལ་འབད་ནི།

ཚོད་བསྲེ་འཛུགས་སྐྱོང་འབད་ནིའི་དོན་ལུ་ ལྕང་ལཱ་མ་རྐྱབ་པར་བཞག་མི་ཆུ་ཞིང་།
༉ འཕྲལ་མགྱོགས་ར་ སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་ གོ་རིམ་༡ པ་དང་༢ པ་གིས་ རྒྱ་གར་ལས་ ཚོད་བསྲེའི་རིགས་ ནང་འདྲེན་འབད་ནི་དེ་ བཤོལ་བཞག་སྟེ་ རྒྱལ་ཁབ་ནང་འཁོད་ལས་ཐོན་མི་ ཚོད་བསྲེའི་རིགས་ཚུ་ ལག་ལེན་འཐབ་ནིའི་དོན་ལུ་ ལས་འགུལ་དང་ གཞུང་གི་བར་ན་ ཞལ་འཛོམས་ཐེངས་ ལེ་ཤ་ཅིག་ར་ འཚོགས་པའི་ཤུལ་ལས་ གྲོས་ཐག་བཅད་ཡོདཔ་ཨིན་པས།


མ་གཞི་ ལས་འགུལ་གྱིས་ ཚོད་བསྲེ་ཚུ་ རྒྱ་གར་གྱི་ ནུབ་བེང་གཱལ་མངའ་སྡེ་ ཕ་ལ་ཀ་ཊ་ལས་ གོང་ཚད་རན་ཏོག་ཏོ་གི་ཐོག་ལུ་ ནང་འདྲེན་འབད་དོ་ཡོདཔ་ཨིན་རུང་ ད་རེས་ནངས་པ་ རྒྱལ་ཁབ་ནང་ རུ་པི་མ་ལང་པའི་དཀའ་ངལ་ལུ་བརྟེན་ ཕྱི་ཁ་ལས་ ཚོད་བསྲེ་ནང་འདྲེན་མ་འབད་བར་ རྒྱལ་ཁབ་ཀྱི་ཚོད་བསྲེ་ཚུ་ ཡར་དྲག་གཏང་ཐབས་ལུ་དམིགས་ཏེ་ཨིན་པས།
ལས་འགུལ་ནང་ དབང་འདུས་ཕོ་བྲང་དང་ སྤུ་ན་ཁ་ དེ་ལས་ རྩི་རང་རྫོང་ཁག་༣ ལས་ བདུན་ཕྲག་རེ་ལུ་ ཚོད་བསྲེའི་རིགས་ ཀེ་ཇི་༢༥,༠༠༠ དང་ སྒོང་རྡོག་༦,༣༣༨ དེ་ལས་ བྱ་ཤ་ཀེ་ཇི་༨༨༥ རེ་ བཙུག་ནི་གི་ ཁས་བླངས་འབད་ཡོདཔ་ད་ དེའི་དོན་ལུ་ མི་སེར་སོ་ནམ་པ་ཚུ་གིས་ ཚོད་བསྲེའི་ལཱ་ལུ་ ཤུགས་བཏོན་པའི་བསྒང་ཡོདཔ་ཨིན་པས།
དབང་འདུས་རྫོང་ཁག་ཚོགས་སྡེའུ་ཁྲི་འཛིན་ ཕུར་པ་རྣམ་རྒྱལ་གྱིས་འབད་བ་ཅིན་ ཁོང་གིས་ ཁས་བླངས་འབད་མི་དེ་ འཐུས་ཤོར་མེད་པར་འགྲུབ་ཚུགས་ནིའི་དོན་ལུ་ གཡུས་སྒོ་ཚུ་ནང་ མི་སེར་ཚུ་གིས་ ཧེ་མ་དང་ཕྱདཔ་ད་ ཚོད་བསྲེ་འཛུགས་སྐྱོང་གི་ལཱ་ལུ་ བརྩོན་ཤུགས་ཐེབས་ བསྐྱེད་དོ་ཟེར་ཨིན་པས།
དབང་འདུས་རྫོང་ཁག་ནང་ དངུལ་ཐོག་ངོ་མ་ བྱཱ་ཨིན་རུང་ ད་ལས་ཕར་ ཚོད་བསྲེ་ཐོན་སྐྱེད་འབད་ནིའི་ལཱ་ལུ་ དང་འདོད་བསྐྱེད་དོ་ཡོདཔ་ལས་ སོ་ནམ་པ་ལ་ལུ་ཅིག་གིས་ བྱཱ་ཞིང་ནང་ ལྕང་ལཱ་མ་རྐྱབ་པར་ ཨ་རིང་སྟོངམ་སྦེ་ བཞག་དོ་ཡོདཔ་ཨིན་པས།
དེའི་གྲས་ལས་ དབང་འདུས་ ཐང་མགོ་གཡུས་ཚན་ལས་ སྐྱེས་ལོ་༥༠ ལང་མི་ ཨམ་ཤཱཀྱ་ཨིནམ་ད་ མོ་རའི་ ཆུ་ཞིང་ཨེ་ཀར་༤ དེ་ཅིག་ཡོད་མི་ལས་ ཚོད་བསྲེ་བཙུག་ནིའི་དོན་ལུ་ ཨ་རིང་ཌིས་༢༥ དེ་ཅིག་ སྟོངམ་སྦེ་བཞག་ཡོདཔ་ད་ ལྕང་ལཱ་མཇུག་བསྡུཝ་ཅིག་ ཨ་རིང་ལེབ་གྲངས་༣ ནང་ བླམ་བེན་ད་དང་ རྒྱ་གར་གྱི་ཨེ་མ་ དེ་ལས་ མེ་ཏོག་ཀོ་པི་ཚུ་ བཙུག་ནི་ཟེར་ཨིན་པས།
མོ་གིས་ སླབ་མིའི་ནང་ མ་གཞི་ ལས་འགུལ་གྱིས་བྱིན་ནི་ཨིན་མི་ གོང་ཚད་དེ་ཉུང་རུང་ གཞུང་གིས་ ཚོད་བསྲེ་བཙོང་དགོཔ་སྦེ་ བཀའ་རྒྱ་གནང་མི་ལུ་བརྟེན་ ཕྱག་ཞུ་ནིའི་མནོ་བསམ་བཏང་དོ་ཟེར་ཨིནམ་ད་ མོ་གིས་ དབང་འདུས་ཚོད་བསྲེ་ཁྲོམ་ཁར་ བྱི་ཙི་ཨེ་མ་ ཀེ་ཇི་༡ ལུ་ དངུལ་ཀྲམ་༦༠ དེ་རེ་སྦེ་ བཙོང་མི་དེ་ ད་ལས་ཕར་ ལས་འགུལ་ནང་ དངུལ་ཀྲམ་༣༦ སྦེ་ བཙོང་དགོཔ་ཨིན་པས།
སོ་ནམ་མཁས་མཆོག་ཅིག་གིས་འབད་བ་ཅིན་ ལས་འགུལ་གྱི་ གོང་ཚད་ཉུང་རུང་ སོ་ནམ་པ་ཚུ་གིས་ རང་སོའི་ ཁྱིམ་གྱི་སྒོ་ཁ་ལས་ ཐད་ཀར་དུ་ བཙོང་ཚུགས་པའི་ ཕན་ཁྱད་ཡོདཔ་མ་ཚད་ ཚོད་བསྲེ་བཙོང་མ་ཚུགས་པའི་ ཚ་གྱང་ཡང་ ལང་དགོཔ་མེད་ཟེར་ཨིན་པས།
ལས་འགུལ་ནང་ གནམ་འབྱ་དགུན་མེད་པར་ ཚོད་བསྲེ་བཀྲམ་སྤེལ་འབད་ཚུགས་ནིའི་དོན་ལུ་ རྫོང་ཁག་གི་ རྒེད་འོག་༡༥ དུས་ཚོད་དང་འཁྲིལ་ཏེ་ ཚོད་བསྲེ་བཙུག་ནིའི་ དབྱེ་ཁག་བཟོ་ཡོདཔ་ཨིན་པས།
ཐེད་ཚོ་རྒེད་འོག་གིས་ སྤྱི་ཟླ་༨ པ་དང་༩ པའི་ནང་ བདུན་ཕྲག་རེ་ལུ་ བླམ་བེན་ད་ཀེ་ཇི་༦༤༤ དང་ བྱི་ཙི་ཨེ་མ་ཀེ་ཇི་༣༧༡ དེ་ལས་ མེ་ཏོག་ཀོ་པི་ཀེ་ཇི་༡,༢༨༨ བཙུག་དགོཔ་ཨིནམ་ད་ དེ་གི་དོན་ལུ་ སོ་ནམ་པ་དང་ རྒེད་འོག་གི་འགོ་དཔོན་ཚུ་ ལཱ་འབད་བའི་བསྒང་ཡོདཔ་ཨིན་པས།
རྒེད་འོག་གི་ སོ་ནམ་རྒྱ་བསྐྱེད་འགོ་དཔོན་ འཇམ་དཔལ་ལྷ་མོ་གིས་འབད་བ་ཅིན་ སོ་ནམ་པ་ཚུ་ལུ་ ཟླཝ་༡ གི་ཧེ་མ་ལས་ སོན་རིགས་ཚུ་ བགོ་བཀྲམ་འབད་ཡོདཔ་མ་ཚད་ རྒེད་འོག་ནང་ ལྟ་རྟོག་འབད་དོ་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ རྫོང་ཁག་ནང་ དཀའ་ངལ་ངོ་མ་ར་ ཚོད་བསྲེ་བཙུག་ནིའི་ལཱ་ལུ་ གཙོ་བོར་མ་བཏོན་པར་ བྱཱ་ལཱ་ལུ་ཤུགས་བཏོན་ནི་དེ་གིས་ ཚོད་བསྲེའི་ལཱ་ལུ་ སྤྲོ་བ་བསྐྱེད་མི་ ཉུངམ་མས་ཟེར་ཨིནམ་ད་ དེ་ཡང་ ཐེད་ཚོ་རྒེད་འོག་རྐྱངམ་གཅིག་ནང་ར་ ཆུ་ཞིང་ཨེ་ཀར་༣༠༠ དེ་ཅིག་ཡོད་རུང་ སྐམ་ཞིང་ཨེ་ཀར་༢ དེ་ཅིག་ལས་ མེད་མིའི་ནང་ ཚོད་བསྲེ་བཙུགས་མི་དེ་ ཁོང་ལག་ལེན་འཐབ་ནི་མ་གཏོགས་ ཚོང་འབྲེལ་རྒྱ་སྦོམ་སྦེ་ འཐབ་ནི་མིན་འདུག་ཟེར་ཨིན་པས།
དེ་བཟུམ་སྦེ་ ཉི་ཤོ་རྒེད་འོག་གིས་ དུས་ཅི་ སྤྱི་ཟླ་༥ པ་ལས་ སྐྱ་སྒོགཔ་ཀེ་ཇི་༢༤༠ བཀྲམ་སྤེལ་འབད་ནིའི་དོན་ལུ་ གྲ་སྒྲིག་འབད་རུང་ ལས་འགུལ་གྱིས་ མ་ལེན་ནི་དེ་གིས་ སོ་ནམ་པ་ཚུ་གིས་ ཐིམ་ཕུ་ཚོད་བསྲེ་ཁྲོམ་ཁར་ བཙོང་པར་འབག་ནི་ འགོ་བཙུགས་ཡོད་ཟེར་ རྒེད་འོག་གི་ སོ་ནམ་བརྒྱ་སྐྱེད་འགོ་དཔོན་ བསོད་ནམས་སྒྲོལ་མ་གིས་ སླབ་ཡོདཔ་ད་ མོ་གིས་འབད་བ་ཅིན་ སྐྱ་སྒོགཔ་ལེན་པར་ཤོག་ཟེར་ བརྒྱུད་འཕྲིན་བཏང་རུང་ ག་གིས་ཡང་ ངོས་ལེན་འབད་མ་བཏུབ་ཟེར་ཨིན་པས།
ཨིན་རུང་ རྫོང་ཁག་སོ་ནམ་འགོ་དཔོན་ལས་རོགསཔ་ ཆོས་སྐྱིད་དབང་ཕྱུག་གིས་འབད་བ་ཅིན་ ཚོད་བསྲེ་ལེན་པར་ མ་འོང་མི་དེ་ གཞུང་དང་ སྤུ་ན་གཙང་ཆུ་ལས་འགུལ་གྱི་བར་ན་ ད་རུང་ ཚར་གཅིག་ གོང་ཚད་ཀྱི་སྐོར་ལས་ ད་རིས་དང་ ཡང་ཅིན་ ནངས་པར་ ཞལ་འཛོམས་འཚོག་ནི་ཨིནམ་ལས་ དེའི་ཤུལ་ལས་རྐྱངམ་གཅིག་ ལས་འགུལ་ནང་ ཚོད་བསྲེ་བཙུག་ཚུགས་ནི་མས་ཟེར་ཨིན་པས།
དབང་འདུས་ལུང་ཕྱོགས་རང་བཞིན་སླར་འབྱུང་ཐོན་སྐྱེད་ཀྱི་ ཞིབ་འཚོལ་འགོ་དཔོན་གོངམ་ ཀུན་ལེགས་རྡོ་རྗེ་གིས་འབད་བ་ཅིན་ ལས་འགུལ་ནང་ བཀྲམ་སྤེལ་འབད་ནི་ལུ་ རྫོང་ཁག་༣ ལས་ ཐོན་སྐྱེད་འབད་མི་ ཚོད་བསྲེ་ཚུ་གིས་ ལང་ཚུགས་ཟེར་ཨིནམ་ད་ ཁོང་གི་ཚ་གྱང་ངོ་མ་ར་ ཚོད་བསྲེ་གསོག་འཇོག་འབད་ནིའི་ མཛོད་ཁང་མེད་མི་དེ་ ཨིན་ཟེར་ཨིནམ་ད་ གསོག་མཛོད་ཁང་མེད་པ་ཅིན་ ཚོད་བསྲེ་ཚུ་ རུལ་བའི་དཀའ་ངལ་འཐོན་འོང་ཟེར་ ཨིན་པའི་གནས་ཚུལ།

དབང་འདུས་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment