གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྐངམ་སྦོ་མི་ ལྷུན་རྩེའི་སློབ་ཕྲུག་༢ རྒྱ་གར་གྱི་ སྨན་ཁང་ནང་གཏང་ནི།

ད་ཚུན་གྱི་བར་ན་ ནད་གཞི་ག་ཅི་ཨིན་ན་ གཏན་འཁེལ་སྦེ་ ངོས་འཛིན་འབད་མ་ཚུགས་རུང་ ཟས་བཅུད་ལངམ་མེད་པའི་ དཀའ་ངལ་ལུ་བརྟེན་ འོང་ནི་མས་ཟེར་ཨིན་པས།

༉ སྤྱི་ཟླ་༥ པའི་ཚེས་༣༠ ལུ་ ལྷུན་རྩེ་འབྲིང་རིམ་སློབ་གྲྭ་གོང་མའི་སློབ་ཕྲུག་༨ མོང་སྒར་ལུང་ཕྱོགས་གཙོ་བསྟེན་སྨན་ཁང་ནང་བསྐྱལ་མིའི་གྲས་ལས་༢ འཕྲལ་མགྱོགས་ར་ ནད་བརྟག་དཔྱད་ཀྱི་དོན་ལུ་ རྒྱ་གར་གྱི་ཁྲོམ་སྡེ་ གུ་ཧ་ཊི་ལུ་ གཏང་ནི་ཨིན་པས།



དེ་ཡང་ སློབ་ཕྲུག་༤༦ དེ་ཅིག་ལུ་ རྐངམ་སྦོ་ཡོད་པའི་ ངོས་འཛིན་བྱུང་སྟེ་ སློབ་ཕྲུག་༨ མོང་སྒར་སྨན་ཁང་ནང་ བརྟག་དཔྱད་འབད་བར་བཏང་པའི་ཤུལ་ལུ་ སློབ་ཕྲུག་༢ མ་གཏོགས་ གཞན་ག་ར་ སྤྱི་ཟླ་༦ པའི་ཚེས་༤ ལུ་ ལོག་བཏང་ཡོདཔ་ད་ སློབ་ཕྲུག་བུཚ་ཅིག་གི་ རྐངམ་སྦོ་ཡོད་མི་དེ་ དྲག་ཡོད་རུང་ ལམ་འགྱོ་མི་ཚུགས་དོ་ཡོདཔ་མ་ཚད་ སློབ་ཕྲུག་བུམོ་ཅིག་ཡང་ རྐངམ་སྦོ་ཡོད་མི་ལུ་བརྟེན་ བརྟག་དཔྱད་མཐིལ་ཕྱིན་འབད་ནིའི་དོན་ལུ་ ཁོང་༢ ཆ་ར་ གུ་ཧ་ཊིའི་ སྨན་ཁང་ནང་ གཏང་ནི་སྦེ་ ཐག་བཅད་ཡོདཔ་ཨིན་པས།
མོང་སྒར་ལུང་ཕྱོགས་གཙོ་བསྟེན་སྨན་ཁང་ལས་ གསོ་བའི་མཁས་མཆོག་ ཌོག་ཊར་སྐལ་བཟང་རྣམ་རྒྱལ་གྱིས་ སླབ་མིའི་ནང་ སློབ་ཕྲུག་དེ་གཉིས་ རྒྱ་གར་ལུ་ གཏང་ནི་སྦེ་ ཐག་བཅད་མི་དེ་ཡང་ རྐངམ་སྦོ་མི་དེ་ རྩ་ནད་ལུ་བརྟེན་ཨིན་ན་ ཡང་ཅིན་ རྒྱུ་རྐྱེན་གཞན་ག་ཅི་ལུ་བརྟེན་ཨིན་ན་ བརྟག་དཔྱད་མཐིལ་ཕྱིན་འབད་ཐབས་ལུ་ཨིན་ཟེར་ཨིན་པས།
རྒྱ་གར་ལུ་ བརྟག་དཔྱད་འབད་བར་ འགྱོ་མི་༡ སྐྱེས་ལོ་༢༠ ལང་མི་ སློབ་རིམ་༡༢ པའི་སློབ་ཕྲུག་ རིན་ཆེན་ནོར་བུ་དེ་ཨིནམ་ད་ ཁོ་ར་ སྐྱེས་བའི་སྐབས་ལས་ར་ ལགཔ་༢ ཆ་ར་ སྐྱོན་ཞུགས་ཡོད་རུང་ ད་རེས་ནངས་པ་ རྐངམ་སྦོ་མི་ལུ་བརྟེན་ ཡར་ལོང་མ་ཚུགས་པར་ཡོདཔ་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཡར་ལོང་པའི་སྐབས་ལུ་ གཟུགས་ཀྱི་ལྗིད་ཚད་དེ་ རྐངམ་གིས་འབག་མ་ཐེག་པར་ འགྱེལ་འགྱོཝ་མ་ཚད་ ན་ཟུག་ག་ནི་ཡང་ མི་ཚོར་བས་ཟེར་ཨིནམ་ད་ ཁོ་རའི་ ཨའི་གིས་འབད་བ་ཅིན་ བུ་དེ་ སྐྱེས་བའི་སྐབས་ལས་ར་ ལགཔ་ལུ་ ཐོ་ཕོག་ཡོདཔ་ཨིན་རུང་ ད་རིས་ཀྱི་ ནད་གཞི་ལུ་བརྟེན་ རྐངམ་ཡང་མེདཔ་འགྱོ་བའི་ ཚ་གྱང་ལངམ་མས་ཟེར་ཨིན་པས།
ནདཔ་གཞན་ སློབ་རིམ་༡༠ པའི་སློབ་ཕྲུག་ སྐྱེས་ལོ་༡༨ ལང་མི་ གསལ་སྒྲོན་གྱིས་ སླབ་མིའི་ནང་ མོ་གི་ རྐངམ་སྦོ་མི་དེ་ དྲག་ཡོད་རུང་ ལམ་འགྱོ་བའི་སྐབས་ལུ་ སྤུས་མོ་ལུ་ ན་ཟུག་དུམ་གྲ་རེ་རྐྱབ་མས་ཟེར་ཨིན་པས།
འདས་པའི་བདུན་ཕྲག་ནང་ཡང་ ཐིམ་ཕུ་ལས་ ལྷུན་རྩེ་འབྲིང་རིམ་སློབ་གྲྭ་གོང་མའི་ནང་ ཞིབ་དཔྱད་འབད་བར་ འོང་མི་ཚུ་གིས་ཡང་ སློབ་ཕྲུག་ཚུ་གི་ ཁྲག་གི་དཔེ་ཚད་ལེན་འབག་ཡོདཔ་མ་ཚད་ སློབ་གྲྭའི་བཟའ་འཐུང་གི་རིགས་ཚུ་ཡང་ ཞིབ་དཔྱད་རྐྱབ་ཡོདཔ་བཞིན་དུ་ ཞིབ་དཔྱད་ཀྱི་ གྲུབ་འབྲས་དེ་ བདུན་ཕྲག་འདི་ནང་ ལྷོད་ཚུགས་པའི་ རེ་བ་ཡོད་ཟེར་ ལྷུན་རྩེའི་གསོ་བའི་ལས་བྱེདཔ་ཅིག་གིས་ སླབ་ཨིན་པས།
སྡེ་ཚན་དེ་གིས་ སྟག་མོ་ཆུ་འབྲིང་རིམ་སློབ་གྲྭ་བར་མ་དང་ ཨའུ་མཚོ་འབྲིང་རིམ་སློབ་གྲྭ་བར་མའི་ སློབ་ཕྲུག་ཚུ་ལུ་ཡང་ བརྟག་དཔྱད་འབད་ཡོདཔ་ཨིན་པས།
ཟླཝ་ཧེ་མའི་ནང་ སློབ་ཕྲུག་༤༦ གི་ རྐངམ་སྦོ་ཡོད་མི་ཚུ་ སྤྱི་ཟླ་༦ པའི་ཚེས་༥ ལུ་ བརྟག་དཔྱད་ལོག་འབདཝ་ད་ ཁོང་ག་ར་ དྲག་ཡོདཔ་མ་ཚད་ ཟས་བཅུད་ལྡན་པའི་ བི་ཊ་མིན་བི་ཚུ་ཡང་ བྱིན་ཡི་ཟེར་ ལྷུན་རྩེའི་རྫོང་ཁག་སྨན་བཅོས་འགོ་དཔོན་ བསོད་ནམས་རྒྱ་མཚོ་གིས་ སླབ་ཨིན་པས།
ད་རུང་ མོང་སྒར་འབྲིང་རིམ་སློབ་གྲྭ་གོང་མའི་ སློབ་ཕྲུག་ཡང་ རྐངམ་སྦོ་མི་ལུ་བརྟེན་ སྤྱི་ཟླ་༦ པའི་ཚེས་༦ ལུ་ ལུང་ཕྱོགས་གཙོ་བསྟེན་སྨན་ཁང་ནང་ འོང་ཡོདཔ་ལས་ ཁོང་ལུ་ཡང་ བི་ཊ་མིན་ སྨན་ལེབ་བྱིན་ཐོག་ལས་ ལོག་བཏང་ཡོད་པའི་གནས་ཚུལ།

བདེ་ཆེན་ཚེ་རིང་།

No comments:

Post a Comment