གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཞིང་གཤེགས་གདུང་སྲས་རིན་པོ་ཆེའི་ སྐུ་གདུང་མཆོད་རྟེན་ བསྒྲུབ་རན་ཁར་ལྷོད་ཡོདཔ།

བསྒྲུབ་རན་ཁར་ལྷོད་མི་ ཞིང་གཤེགས་གདུང་སྲས་རིན་པོ་ཆེའི་
སྐུ་གདུང་མཆོད་རྟེན།
༉ ཞིང་གཤེགས་དམ་པ་ སྐྱབས་རྗེ་གདུང་སྲས་འཕྲིན་ལས་ནོར་བུ་རིན་པོ་ཆེ་མཆོག་གི་ སྐུ་གདུང་མཆོད་རྟེན་དེ་ ཧ་ལམ་ བཞེངས་ཚར་དོ་ཡོདཔ་ད་ མཆོད་རྟེན་དེ་ སྤ་རོ་ལམ་གོང་ དར་མགོ་ཕུག་དགོན་པ་ལུ་ སྐུ་གདུང་སྤུར་སྦྱང་ཕུལ་སའི་ ས་ཁོངས་ནང་ར་ བཞེངས་དོ་ཡོདཔ་ཨིན་པས།


རིང་ཚད་ཕིཊ་༢༥ འབད་མི་ མྱང་འདས་མཆོད་རྟེན་དེ་ སྤུར་སྦྱང་ཕུལ་བའི་ཤུལ་ལས་ ཉི་ཟླ་ལས་ བུམ་པ་ཚུན་བཤུབ་སྟེ་ བྱུང་ཆུབ་མཆོད་རྟེན་སྦེ་ བཞེངས་ཡོདཔ་ད་ ནང་གཟུངས་སྦེ་ སྐུ་རུས་དང་ སྤུར་ཐལ་ལས་བསྒྲུབས་མི་ ཚ་ཚ་༢༠ དེ་ཅིག་ཕུལ་ཡི་ཟེར་ རང་འབྱུང་འོད་གསལ་ཆོས་གླིང་དགོན་པའི་ མཚམས་པ་མ་ཧཱ་ཀ་ལ་གིས་ སླབ་ཨིན་པས།
ཁོ་གིས་འབད་བ་ཅིན་ སྐུ་གདུང་མཆོད་རྟེན་བཞེངས་ནིའི་ལཱ་དེ་ ད་ལྟོ་ མཇུག་མ་བསྡུ་ཟེར་ཨིནམ་ད་ དེ་ཡང་ མཆོད་རྟེན་གྱི་ཕྱི་ཁ་ལས་ རྩི་ས་དང་ ལྕགས་ཀྱིས་ ཟངས་མདོག་དཔལ་རིའི་ ལྷ་ཁང་བཞེངས་ནི་ཨིནམ་ད་ དེའི་དོན་ལུ་ ད་ལྟོ་ཡོད་པའི་ དཀྱིལ་འཁོར་དེ་བཤུབ་ནི་ཨིན་པས།
ལྷ་ཁང་བཞེངས་ནིའི་དོན་ལུ་ ཟངས་དམར་ཀེ་ཇི་༡,༠༠༠ དེ་ཅིག་ རྒྱ་གར་ལྡི་ལི་ལུ་ མཁོ་མངགས་འབད་ཡོདཔ་ད་ མ་ཧཱ་ཀ་ལ་གིས་འབད་བ་ཅིན་ ཟངས་དམར་གུ་ གསེར་སྒྲོན་ནི་ཨིན་ཟེར་བཤད་ཅི།
སྐུ་གདུང་མཆོད་རྟེན་ལུ་ བྱང་ཆུབ་མཆོད་རྟེན་ཟེར་ཞུ་མི་དེ་ སྐྱེས་བུ་དམ་པ་ཚུ་ དགོངས་པ་རྫོགས་པའི་མཐའ་མར་ བྱང་ཆུབ་ཀྱི་ལམ་ལུ་གཤེགས་པའི་ བརྡ་མཚོན་ལུ་ མཆོད་རྟེན་བཞེངས་དོ་ཡོདཔ་ད་ ནང་གཟུངས་ཡང་ སྐུ་གཟུགས་དང་ ཡན་ལག་ཕུལ་མི་དེ་ འཛམ་གླིང་གི་རྟེན་སྦེ་ བཞག་པའི་ཚུལ་ཨིན་ཟེར་ཨིན་པས།
སྤུར་སྦྱང་དེ་ རང་ཟླ་༡ ཚེས་༡༠ ལུ་ ཕུལ་བའི་ཤུལ་ལས་ ཚེས་༡༥ ཚུན་ སྐུ་རུས་དང་ སྤུར་ཐལ་མ་བསྡུ་ཚུན་ མྱང་འདས་མཆོད་རྟེན་ཟེར་ ཞུ་དོ་ཡོདཔ་ད་ དེ་ལས་ ཉི་ཟླ་ལས་ བུམ་པ་ཚུན་བཤུབ་ཞིནམ་ལས་ ལོག་བཞེངས་ཏེ་ གཟུངས་བཙུགས་མི་ལུ་ བྱང་ཆུབ་མཆོད་རྟེན་ཟེར་ ཞུཝ་ཨིན་པས།
སྤུར་སྦྱང་གི་སྐབས་ལུ་ མཆོད་རྟེན་གྱི་ཞལ་ ཤར་ཕྱོགས་ཁ་ཐུག་ལུ་བསྒོར་མི་ལས་ བྱང་ཆུབ་མཆོད་རྟེན་གྱི་ཞལ་དེ་ སྤ་རོ་སྟག་ཚང་ཁ་ཐུག་ལུ་ བཞེངས་ཡོདཔ་ཨིན་པས།
སྐུ་གདུང་མཆོད་རྟེན་གྱི་ལྟག་ལུ་ཡོད་པའི་ སྤུར་ཁང་ནང་ ཞིང་གཤེགས་དམ་པ་མཆོག་གི་ སྐུ་འདྲ་བཞེངས་ནི་ཨིནམ་ད་ དེའི་དོན་ལུ་ སྤུར་ཁང་གི་འགྱམ་ཚུ་ རྩི་ས་གིས་བཟོ་སྟེ་ ཀཝ་ཚུ་བཙུགས་ཡོདཔ་ད་ སྐུ་འདྲ་དེ་ ཤེལ་ཁང་ནང་ བཞེངས་ནི་ཟེར་ མཚམས་པ་མ་ཧཱ་ཀ་ལ་གིས་ སླབ་ཨིན་པས།
སྐྱབས་རྗེ་གདུང་སྲས་མཆོག་ ན་ཧིང་ སྤྱི་ཟླ་༡༢ པའི་ཚེས་༢༧ ལུ་ ཨེ་མི་རི་ཀའི་ཁྲོམ་ཚོགས་ ཀེ་ལི་ཕོ་ནི་ཡ་ལུ་ དགུང་ལོ་༨༠ བཞེསཔ་ད་ དགོངས་པ་རྫོགས་ཡོདཔ་ད་ ཞིང་གཤེངས་མཆོག་ སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་ འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་ སྲས་སྦོམ་ཤོས་ཨིནམ་ད་ རིན་པོ་ཆེ་མཆོག་ ཨེ་མི་རི་ཀ་ལུ་ མ་བྱོན་པའི་ཧེ་མར་ འབྲུག་ལུ་ ལོ་ངོ་མང་རབས་ཅིག་ བཞུགས་ཡོདཔ་ཨིན་པའི་གནས་ཚུལ།

བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment