གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དབུ་འཛིན་ལུ་བརྟེན་མིན་པར་ སློབ་ཕྲུག་ཁོ་ར་གིས་ རང་སྲོག་བཅད་ཡོདཔ།

༢༩/༠༦/༢༠༡༢   ༉ ཟླཝ་ཧེ་མའི་ནང་ སློབ་ཕྲུག་ཅིག་གིས་ རང་སྲོག་བཅད་མི་ལུ་ ལོག་ཞིབ་དཔྱད་རྐྱབ་པའི་བསྒང་ཡོད་མི་ ཕུན་ཚོགས་གླིང་གི་ ཁྲིམས་སྲུང་འགག་པ་གིས་ སླབ་མིའི་ནང་ སློབ་ཕྲུག་ཁོ་ར་གིས་ རང་སྲོག་བཅད་ཡོདཔ་སྦེ་ བརྩི་འཇོག་འབད་ནི་མ་གཏོགས་ སློབ་གྲྭའི་དབུ་འཛིན་ལུ་ ཁ་ཉེས་བཀལ་དགོཔ་མིན་འདུག་ཟེར་ཨིན་པས།


ཚེ་འདས་ཀྱི་ ཨ་པ་གིས་ ཁོ་གི་བུ་དེ་ དབུ་འཛིན་ལུ་ འདྲོགས་པའི་ཤུགས་ཀྱིས་ རང་སྲོག་བཅད་ནུག་ཟེར་ ཁ་ཉེས་བཀལ་མི་ལུ་ གཞི་ཁུངས་ཅིག་མིན་འདུག་ཟེར་ཨིནམ་ད་ བུཚ་དེ་ ཨོལ་ལྐོག་གུ་ ཐགཔ་བཏགས་ཏེ་ དཔྱངས་ཐོག་ལས་ རང་སྲོག་བཅད་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པ་གིས་འབད་བ་ཅིན་ སློབ་དཔོན་དག་པ་ཅིག་དང་ སློབ་གྲྭའི་གཉེརཔ་ དེ་ལས་ ཚེ་འདས་ཀྱི་ ཆ་རོགས་༣ ལུ་ དྲི་དཔྱད་འབད་མི་དང་འཁྲིལཝ་ད་ སློབ་ཕྲུག་ལུ་ རང་སྲོག་བཅད་དགོ་པའི་ རྒྱུ་རྐྱེན་འབད་བའི་ སྐབས་དོན་གྱི་ སྒྲུབ་བྱེད་མིན་འདུག་ཟེར་ཨིནམ་ད་ ཁྲིམས་སྲུང་འགག་པ་ལས་གོ་མི་ ལོ་རྒྱུས་དང་འཁྲིལཝ་ད་ དབུ་འཛིན་གྱིས་ སློབ་ཕྲུག་ཚུ་ སྒྲིག་ལས་བྱོག་འགྱོ་བའི་ ཚོགས་བརྡ་བཏང་ཡོད་རུང་ དྲང་ནི་དང་ ཡང་ཅིན་ འཇིགས་སྐྲག་སྟོན་སྟོནམ་མིན་འདུག་ཟེར་ཨིན་པས།
ཁྲིམས་སྲུང་འགག་པ་ལུ་ སླབ་མི་དང་འཁྲིལ་བ་ཅིན་ ཚེ་འདས་དེ་ སློབ་གྲྭ་ལས་ གནང་བ་མ་ཞུ་བར་ ཆ་རོགས་གཞན་༣ དང་གཅིག་ཁར་ ཁོ་རའི་ཕམ་ཕྱད་པར་ སོང་ཡོདཔ་ད་ དེ་གི་ནངས་པ་ ཁོང་ཆ་ཁྱབ་ སློབ་གྲྭ་ནང་ ལོག་འོངམ་ད་ དབུ་འཛིན་དང་ཕྱད་ཡོདཔ་ལས་ ཁོང་ སློབ་གྲྭ་ནང་ལས་ བྱོག་སོང་ཡོདཔ་ ཧ་གོ་སྟེ་ ཚོགས་བརྡ་བཏང་ནུག།
སློབ་ཕྲུག་དེ་གིས་ དེ་ཚེ་ཕྱི་རུ་ རང་སྲོད་བཅད་ནུག་ཟེར་ ཁྲིམས་སྲུང་འགག་པ་གིས་ བཤདཔ་མ་ཚད་ ཚེ་འདས་ཀྱིས་ ཁོ་རའི་ ལྟོ་ཚང་ཚུ་ལུ་ ཁོ་ སློབ་གྲྭ་དང་ ཁྱིམ་གཉིས་ཆ་ར་ མི་དགའ་དོ་ཡོདཔ་ལས་ ཤི་དགོ་མནོ་ཡོདཔ་སྦེ་ སླབ་ནུག་ཟེར་ཨིན་པས།
ཚེ་འདས་ཀྱི་ ཨ་པ་གིས་ ཁ་ཉེས་བཀལ་མིའི་ནང་ དབུ་འཛིན་གྱིས་ ཨ་ལུའི་ཕམ་ཚུ་ འབོ་ནི་ཨིན་ཟེར་ ཉེན་བརྡ་མ་བྱིན་པ་ཅིན་ ཁོ་རའི་ བུ་དེ་གིས་ རང་སྲོད་བཅད་དགོཔ་མེད་ཟེར་སླབ་སྟེ་ ཁྲིམས་སྲུང་འགག་པ་ལུ་ ཞིབ་དཔྱད་འབད་དགོཔ་སྦེ་ ཉོགས་བཤད་བཀོད་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པ་ལས་གོ་མི་ ལོ་རྒྱུས་དང་འཁྲིལཝ་ད་ ཚེ་འདས་ཀྱི་ ཆ་རོགས་ཚུ་ལུ་ ལོག་སྟེ་དྲི་དཔྱད་འབདཝ་ད་ ཁོང་གིས་ ཚེ་འདས་དེ་ ཁྱིམ་ནང་ ཕམ་ཚུ་གིས་ ག་ཅི་ར་འབད་རུང་ ཁོ་རའི་སྲིངམོ་ལུ་ ཁོ་ལས་ལྷགཔ་སྦེ་ ལེགས་ཤོམ་དང་ བརྩེ་བ་བསྐྱེད་ནི་དེ་གིས་ རྩ་ལས་ར་ སེམས་མི་དགའ་བས་ཟེར་ སླབ་ཡོད་པའི་སྐོར་ ཁྲིམས་སྲུང་འགག་པ་ལུ་ སླབ་དེས་ཟེར་ཨིན་པས།
ཚེ་འདས་ཀྱིས་ ཁོ་གི་ཕམ་ཚུ་ འབོ་ནི་ལས་ ཁོ་ར་ ཤི་སོ་པ་ཅིན་ དྲག་ནི་མས་ཟེར་ དགོད་བྲ་དང་བཅསཔ་སྦེ་ སླབ་ཡོད་པའི་སྐོར་ ལྟོ་ཚང་ཅིག་གིས་ ཁྲིམས་སྲུང་འགག་པ་ལུ་བྱིན་མི་ ངག་བརྗོད་ནང་ བཀོད་ཡོདཔ་ད་ དེ་སྦེ་སླབ་པའི་ཤུལ་ལུ་ ཕྱི་རུ་འབད་བའི་བསྒང་ལས་ རང་སྲོག་བཅད་དེ་ ཤི་སོ་ནུག་ཟེར་ཨིན་པས།
ངག་བརྗོད་ཚུ་ལུ་ལྟཝ་ད་ སློབ་ཕྲུག་བུཚ་དེ་གིས་ རང་སྲོག་བཅད་མི་དེ་ དབུ་འཛིན་ལུ་བརྟེན་མེནམ་ལས་ ཁྲིམས་སྲུང་འགག་པ་གིས་ དབུ་འཛིན་དོ་དམ་འོག་ལུ་ བཞག་ནི་གི་ འོས་ཁུངས་མིན་འདུག་ཟེར་ སླབ་ཨིན་པས།
སློབ་རིམ་༧ པའི་ནང་ལྷབ་མི་ ཚེ་འདས་སློབ་ཕྲུག་དེ་ འབད་བཞག་བཅའ་བཞག་ལེགས་ཤོམ་ཡོད་པའི་ཁར་ སློབ་ཁང་ནང་ བློ་རིག་ཅན་ཅིག་ཨིནམ་ད་ དེ་བཟུམ་སྦེ་ སློབ་གྲྭའི་དབུ་འཛིན་ལུ་ཡང་ སློབ་ཕྲུག་ཚུ་ལུ་ ལུས་ཐོག་གི་ ཁྲིམས་གཏང་ནི་དང་དྲང་པའི་ གནས་ཐོ་མེདཔ་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment