གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མགུ་འབྱིད་ཐོག་ལས་ སྣུམ་འཁོར་བདའ་སོང་མི་༢ ཀྱི་སྟ་གོན་སྙན་གསན་འགོ་བཙུགས།

༡༩/༠༦/༢༠༡༢   ༉ ཐིམ་ཕུ་རྫོང་ཁག་ཁྲིམས་ཀྱི་འདུན་སའི་ ཁྲིམས་ཁྲི་དང་པ་གིས་ སྣུམ་འཁོར་ནག་ཚོང་འཐབ་པའི་ དོགས་ཅན་ ཕོ་སྐྱེས་༢ ལུ་ སྟ་གོན་སྙན་གསན་དེ་ ཁ་ཙ་ འགོ་བཙུགས་ཡོདཔ་ཨིན་པས།
བཀྲིས་གཡང་རྩེ་ལས་ཨིན་མི་ དོགས་ཅན་ ངག་དབང་རྡོ་རྗེ་དང་ མོང་སྒར་ལས་ཨིན་མི་ སྐལ་བཟང་བསྟན་འཛིན་གཉིས་ཀྱིས་ ལྟ་བཤལ་ལས་སྡེ་ནང་ ལཱ་འབད་མི་ཨིནམ་བཟོ་སྟེ་ སྣུམ་འཁོར་ཚུ་ གླ་ཁར་ལེན་ནི་ཟེར་སླབ་སྟེ་ ཉམས་རྒུདཔ་ཚུ་ལུ་ མགུ་སྐོར་གྱི་ བྱ་ངན་ཚུ་འཐབ་ཡོདཔ་ཨིན་པས།



དེ་ཡང་ འགོ་དང་པ་ར་ སྤྱི་ལོ་༢༠༡༡ ཟླ་༡༡ པའི་ཚེས་༢༤ ལུ་ ངག་དབང་རྡོ་རྗེ་གིས་ ལྟ་བཤལ་ལས་སྡེའི་ ལམ་སྟོན་པ་ཨིནམ་བཟོ་ཞིནམ་ལས་ ཉམས་རྒུད་པ་ཅིག་ལས་ སྣུམ་འཁོར་ཀི་ཡ་ སོ་རཱན་ཊོ་དེ་ ཉིན་གྲངས་༢༨ ཀྱི་དོན་ལུ་ གླ་ཁར་དགོ་པས་ཟེར་སླབ་སྟེ་ ཐིམ་ཕུ་ ཕུན་སུམ་དཔལ་རི་གི་ ཉེ་འདབས་ལས་ སྣུམ་འཁོར་རྩིས་ལེན་ཡོདཔ་ཨིན་པས།
ཉམས་རྒུདཔ་གིས་འབད་བ་ཅིན་ ཁོ་གིས་ ངག་དབང་རྡོ་རྗེ་དེ་ ཧེ་མ་ལས་ ངོ་མ་ཤེས་རུང་ ཁོ་གི་སྣུམ་འཁོར་གླ་ཁར་བཏང་བའི་སྐབས་ དེད་གཡོགཔ་འབད་མི་དེ་གིས་ ངོ་སྤྲོད་འབད་བྱིན་ཡི་ཟེར་ཨིན་པས།
དེ་འབདཝ་ལས་ སྣུམ་འཁོར་ གླ་ཁར་བཏང་པ་ཅིན་ འབབ་ཁུངས་དུམ་གྲ་རེ་ བཟོ་ཚུགས་ནི་མས་ཟེར་ མནོ་བསམ་བཏང་སྟེ་ སྣུམ་འཁོར་དེ་ གླ་ཁར་བཏང་ཡི་ཟེར་ཨིན་པས།
ཁོ་གིས་ སྣུམ་འཁོར་བཏང་པ་གིས་མ་ཚད་པར་ སྣུམ་འཁོར་ནང་ མར་ཁུ་བླུགས་ནི་གི་ ཟད་འགྲོ་ཡང་ དངུལ་ཀྲམ་༣༠,༠༠༠ དེ་ཅིག་ བསྐྱལ་བཏང་ཡི་ཟེར་ཨིནམ་ད་ ད་རུང་ དོགས་ཅན་ ངག་དབང་དང་གཅིག་ཁར་ དགེ་ལེགས་ཕུག་ལུ་ ཕྱད་པའི་སྐབས་ལུ་ ངག་དབང་གིས་ ཁོ་གི་ཨའི་དང་ ཨ་པ་ རྡོ་རྗེ་གདན་ལུ་ གནས་སྐོར་གཏང་ནིའི་དོན་ལུ་ ཟད་འགྲོ་ལང་མ་ཚུགས་ཟེར་སླབ་སྟེ་ ད་རུང་དངུལ་ཀྲམ་༡༠,༠༠༠ ལེན་འབག་སོང་ཡི་ཟེར་ཨིན་པས།
ངག་དབང་རྡོ་རྗེ་གིས་ སྣུམ་འཁོར་བདའ་བའི་ཉིནམ་ལས་ ཁོ་ལུ་ ད་ལྟོ་ག་ཏེ་ལྷོད་ཅི་ག་དང་ ག་ཅི་འབད་དོ་གའི་སྐོར་ལས་ ནུབ་མོ་ཨ་རྟག་ར་ འགྲུལ་འཕྲིན་བཏང་དོ་ཡོདཔ་ལས་ ཁོ་གིས་ ངག་དབང་རྡོ་རྗེ་དེ་ མི་ལེགས་ཤོམ་ཅིག་ འདུག་ཟེར་མནོ་སྟེ་ བློ་གཏད་ཅི་ཟེར་ཨིན་པས།
ཤུལ་ལས་ སྣུམ་འཁོར་ གླ་ཁར་ལེན་པའི་ དུས་ཡུན་ཚངམ་མ་ཚད་ གློ་བུར་དུ་གཡུས་ཁ་ འགྱོ་དགོཔ་ཐོན་ཏེ་ སྣུམ་འཁོར་ལོག་དགོ་པའི་སྐོར་ལས་སླབ་པའི་སྐབས་ དོགས་ཅན་གྱིས་ ད་རུང་ གཞན་མི་ མགྱོནམ་སྡེ་ཚན་ཅིག་ འོང་ནི་ཡོདཔ་ལས་ དགོས་མཁོ་ཡོད་ལུགས་ཚུ་སླབ་ལས་ དེ་སྦེ་ཨིན་པ་ཅིན་ ཁོ་རའི་ཆ་རོགས་ གཞན་མི་ཅིག་གི་ འགྲུལ་འཕྲིན་ ཨང་གྲངས་ཚུ་བྱིན་ཐོག་ལས་ ཁོ་ལས་སྣུམ་འཁོར་ གླ་ཁར་ལེན་ད་ཟེར་ སླབ་ཅི་ཟེར་ཨིན་པས།
ངག་དབང་རྡོ་རྗེ་དང་ སྐལ་བཟང་བསྟན་འཛིན་གྱིས་ ཉམས་རྒུདཔ་གཞན་མི་དེ་གི་ སྣུམ་འཁོར་ སཱན་ཏ་ཕི་ གླ་ཁར་ལེན་པ་གིས་མ་ཚད་པར་ ཕུན་ཚོགས་གླིང་ལུ་ བདའ་སོང་ཞིནམ་ལས་ རྒྱ་གར་ན་གཱ་ལེནཌ་ལུ་ བཙོང་ད་ནུག་ཟེར་ཨིན་པས།
ངག་དབང་རྡོ་རྗེ་དང་ སྐལ་བཟང་བསྟན་འཛིན་གཉིས་ཀྱིས་ སྣུམ་འཁོར་ དང་པམ་དེ་ བདའ་འགྱོ་བའི་སྐབས་ལུ་ ཐུག་རྐྱེན་བྱུང་ཡོདཔ་ལས་ སྣུམ་འཁོར་བཟོ་སྟེ་ བུ་ལེན་སྤྲོད་ནི་ཡོད་མི་ལུ་བརྟེན་ སྣུམ་འཁོར་ སཱན་ཏ་ཕི་དེ་ བཙོང་ཡོད་ཟེར་ཨིན་པས།
སྐལ་བཟང་བསྟན་འཛིན་གྱིས་ ལྟ་བཤལ་ལམ་སྟོན་པ་ཨིནམ་བཟོ་ཞིནམ་ལས་ ད་རུང་ གཞན་མི་ཅིག་ལས་ སྣུམ་འཁོར་པཱ་ར་ཌོ་ཅིག་ ཇར་མཱན་གྱི་ལྟ་བཤལཔ་ལེན་ནིའི་དོན་ལུ་ཨིན་ཟེར་ རྫུན་གཏམ་སླབ་སྟེ་གླ་ཁར་ལེན་ཡོདཔ་ཨིན་པས།
སྣུམ་འཁོར་ཇོ་བདག་གིས་ དེད་གཡོགཔ་འབད་དེ་ ཁོ་ར་ འགྱོ་ནི་ཟེར་སླབ་སྟེ་ ཕུན་ཚོགས་གླིང་ཚུན་ སོང་ཡོདཔ་ད་ ཁོང་ཆ་ཁྱབ་ ཕུན་ཚོགས་གླིང་ལུ་ ལྷོད་ཞིནམ་ལས་ ཇོ་བདག་དེ་ རྒྱ་གར་ཁྲོམ་ཚོགས་ ཇའི་སྒང་ལུ་འགྱོ་དགོ་པས་ཟེར་སླབ་སྟེ་ ཁོ་རའི་ དངུལ་ཁུག་དང་ སྣུམ་འཁོར་དེ་ སྐལ་བཟང་བསྟན་འཛིན་དང་ གཅིག་ཁར་བཞག་ཡོདཔ་ལས་ དངུལ་ཁུག་ནང་ཡོད་པའི་ དངུལ་ཀྲམ་༩,༠༠༠ དང་ ཡུ་ཨེས་ཌོ་ལར་༡༠༠ སྐལ་བཟང་བསྟན་འཛིན་གྱིས་ བཏོན་འབག་སོང་ནུག་ཟེར་ཨིན་པས།
ངག་དབང་རྡོ་རྗེ་གིས་ མགུ་སྐོར་རྐྱབ་རྐྱབ་ཨིནམ་ སོ་རཱན་ཏོ་གི་ ཇོ་བདག་གིས་ཤེས་ཏེ་ སཱན་ཏ་ཕི་གི་ཇོ་བདག་དེ་ལུ་ དྲི་ལྟ་བའི་བསྒང་ལས་ ཁོ་གི་སྣུམ་འཁོར་དེ་ཡང་ ཕུན་སུམ་དཔལ་རི་བཟའ་ཁང་གི་ སྦོ་ལོགས་ཁ་ལས་བདའ་ཡར་སོ་ནུག་ཟེར་ཨིན་པས།
སྣུམ་འཁོར་བདའ་སོང་སྟེ་ ཉིན་གྲངས་༢ ཀྱི་ཤུལ་ལས་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་ཡི་ཟེར་ཨིན་པས།
ཨིན་རུང་ སྣུམ་འཁོར་ ཀི་ཡ་སོ་རཱན་ཏོ་དང་ པཱ་ར་ཌོ་གཉིསཔོ་དེ་ ཇོ་བདག་ཚུ་གིས་ལོག་ཐོབ་ཡོདཔ་ཨིན་རུང་ སྣུམ་འཁོར་སཱན་ཏ་ཕི་དེ་ དོགས་ཅན་གཉིས་ཀྱིས་ རྒྱ་གར་ན་ག་ལེནཌ་ལུ་ བཙོང་ཡོདཔ་ཨིན་པས།
རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གི་ ཉེས་འཛུགས་འབད་མི་དང་འཁྲིལཝ་ད་ དོགས་པ་ཅན་གཉིས་ཀྱིས་ སྣུམ་འཁོར་ཚུ་ ལྟ་བཤལ་པའི་དོན་ལུ་མེན་པར་ ཚུལ་མིན་ལོག་སྤྱོད་འབད་འབདཝ་མས་ཟེར་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment